འཆད་སྟེགས་གྲུ་བཞིར་ལང་ཚོ་སྐྱེས་སུ་ཕུལ། བུ་སློབ་ཁྲི་སྟོང་སྐྱོང་བའི་མཛད་རྗེས་རྨད།
ལྷ་ས་གྲོང་ཁྱེར་གྱི་གངས་ལྗོངས་ས་མཐོར་གཞི་ཚུགས་པའི་མི་དམངས་དགེ་རྒན་གསུམ་གྱི་སྐོར་བཀོད་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཆ་ཚང་སློབ་ཆུང་གི་དགེ་རྒན་མོང་ཕུ་ཐི་ཡིས་སློབ་ཚན་ཁྲིད་བཞིན་པ།
ལོ་ཟླ་རིམ་བཞིན་འདས་པ་དང་སྦྲགས་དགེ་རྒན་དུས་ཆེན་ཐེངས་42པ་དུས་ལྟར་འཆར་ཞིང་། གནའ་གྲོང་ལྷ་སའི་སློབ་གསོའི་རྣམ་པ་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་བཞིན་མཆིས།
ལ་ལས་སློབ་ཆུང་གི་འཆད་སྟེགས་ཐོག་ལངས་ནས་དབེན་འཇམ་གྱི་འཚོ་བར་འོད་སྣང་སྦྱིན་པ་དང་། ལ་ལས་དམིགས་བསལ་སློབ་གསོའི་སློབ་ཁང་དུ་ལུས་སེམས་ཐང་པོ་མེད་པའི་ཕྲུ་གུར་འཚོ་བའི་རེ་བ་སྦྱིན་པ། ཡང་ལ་ལས་གྲོང་གསེབ་ཀྱི་སློབ་ཁང་དུ་བསྐྱོད་དེ་རི་ཐང་དང་ཞིང་ནང་ཚང་མ་སློབ་ཁང་གསོན་པར་འགྱུར་དུ་བཅུག་པ་རེད།
ཚེ་རིང་སྒྲོལ་མ་དང་། ཏུའུ་ལི་ཧྭ། མོང་ཕུ་ཐི་བཅས་ཁྱབ་ཁོངས་མི་འདྲ་བའི་དགེ་རྒན་3ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་། ཁོང་ཚོས་རང་སོ་སོའི་བྱ་ཐབས་ཐོག་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ནི་དུས་རབས་གསར་པའི་དགེ་རྒན་གྱི་སྙིང་སྟོབས་ཀྱི་གནས་ཚད་ཡིན་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་ནི་སློབ་གསོའི་ལས་དོན་པའི་འགྱུར་བ་མེད་པའི་འགན་འཁྲི་ཞིག་ཡིན་པ་གསལ་བཤད་བྱེད་བཞིན་ཡོད།
ཚེ་རིང་སྒྲོལ་མས་སློབ་མའི་ཨང་རྩིས་ཀྱི་སྤྲོ་སྣང་འཕེལ་བར་བྱས་པ།
བགྲང་བྱ་25ཡི་གོང་ཚེ་རིང་སྒྲོལ་མ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་འཆད་སྟེགས་ཐོག་བསྐྱོད། ཁོང་གིས་སློབ་ཁྲིད་བྱེད་པའི་སྐབས་དེའི་སློབ་ཐོན་འཛིན་གྲྭའི་སློབ་མའི་རྨང་གཞི་ཞན་པ་དང་ཡིག་རྒྱུགས་བཏང་ཚར་རིམ་བཞིན་རྒྱུགས་ཤོག་གི་སྐར་གྲངས་སྟོན་འདོད་མེད་པར་སྦ་གསང་བྱ་རྒྱུར་གོམས་ཡོད།
གནས་ཚུལ་དེར་དམིགས་ནས་ཚེ་རིང་སྒྲོལ་མས་སློབ་མ་མི་རེ་ངོ་རེའི་ཤེས་བྱའི་ཞན་ཆ་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ། སློབ་སྦྱོང་གི་གནས་ཚུལ་ལ་གཞིགས་ནས་རིམ་པ་དང་རིགས་དབྱེ་ནས་དམིགས་ཚད་བཟོས་པ་རེད། སློབ་ཐོན་གྱི་གཅིག་གྱུར་རྒྱུགས་ལེན་ཁྲོད་སྐབས་དེའི་འཛིན་གྲྭའི་སྦྱངས་འབྲས་ལོ་རིམ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་གཟེངས་སུ་ཐོན་པའི་སློབ་ཐོན་རྒྱུགས་ཤོག་ཕུལ་ཡོད། ཁོང་གིས་སློབ་ཁྲིད་བྱེད་པའི《ནར་དབྱིབས་བསྡོམས་རྩིས་རི་མོ》ཞེས་པའི་དྲ་ཁྲིད་སློབ་ཚན་ལ་རྒྱལ་ཡོངས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། ཁོང་གིས་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པའི《ལྗོངས་ཕྱིའི་སྔོན་ཐོན་སློབ་གསོའི་འདུ་ཤེས་རང་ཡུལ་ཅན་གྱི་ཞིབ་འཇུག》གི་ཞིབ་འཇུག་བྱ་གཞི་དེས་ས་མཐོའི་ཨང་རྩིས་སློབ་ཚན་གྱི་སྤུས་འབྲས་ལེགས་གཉེར་ཐད་འདྲ་བཟོས་ཆོག་པའི་དཔེ་སྟོན་མཁོ་འདོན་བྱས་ཡོད།
བགྲང་བྱ་25ཡི་རིང་། ཁོང་གིས་རིག་ཚན་སློབ་དཔྱོད་དང་། གཞི་རིམ་དུ་སློབ་ཁྲིད། གཞོན་ནུར་ལས་ཀའི་ཐད་རོགས་རམ་བཅས་ལས་གནས་མང་པོ་གཅིག་ལྕོགས་བྱས་ཀྱང་ཚང་མར་སྣང་མེད་གཏན་ནས་གཏོང་མྱོང་མེད། གྲོང་གསེབ་ཏུ་སློབ་སྐྱོར་བྱས་ནས་ཕྱིར་ལོག་རྗེས་འཕྲལ་དུ་སློབ་ཚན་ཁྲིད་པ་དང་སློབ་ཁྲིད་ཞིབ་འཇུག་གི་བརྗོད་གཞི་དེ་སློབ་གསེང་གི་དུས་ཚོད་དང་གཟའ་མཇུག་ཏུ་ལེགས་སྒྲུབ་བྱེད་ཀྱི་ཡོད། ཁོང་གིས“ཚང་མ་སློབ་མ་གཅིག་མཚུངས་ཡིན་པས་གང་དུའང་འཐུས་ཤོར་གཏོང་མི་རུང”ཅེས་བཤད།
ཏུའུ་ལི་ཧྭ་ཡིས། ལས་གནས་བརྟན་སྲུང་གིས་ས་བོན་སྐྱེད་སྲིང་བྱས་པ།
དམིགས་བསལ་སློབ་གསོའི་སློབ་ཁྲིད་ལ་ཚད་ལྡན་ཅན་གྱི་ཚད་གཞི་ཞིག་མེད། སློབ་ཁྲིད་སྐབས་སློབ་མའི་སེམས་ཁམས་འཚབ་འཚུབ་དང་། རང་ཚུགས་མ་ཟིན་པ། རང་དགར་སྡོད་གནས་ནས་ལངས་པ་བཅས་ནི་རྒྱུན་གཏན་གྱི་རྣམ་པ་ཞིག་རེད། ལས་འགན་ལྕི་བ་དང་། ལས་ཀ་ཙག་ཙིག་མང་བ། དཀའ་ངལ་ཆེ་བ་བཅས་ཀྱི་ཁོར་ཡུག་འོག་ཏུ་ཏུའུ་ལི་ཧྭ་ཡིས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ལོ་27བརྟན་སྲུང་བྱས།
2019ལོར། ལོ་8ལ་སླེབས་པའི་རྣ་བ་ཚབས་ཆེན་འོན་པའི་ཁར་འགུལ་མང་ནད་ཕོག་པའི་ཞའོ་ཆང(མིང་ཚབ)སློབ་གྲྭར་ཞུགས་པ་དང་། ཁོས་རང་གི་སྡོད་གནས་ནས་ཡང་ཡང་ལངས་པ་དང་། སྦྱོང་ཚན་དབྲལ་བ་སོགས་སློབ་ཚན་གཏན་ནས་ཉན་འདོད་བྱེད་ཀྱི་མེད་པ་རེད། ཐེངས་ཤིག་ཟུར་ཁྲིད་བྱེད་རིང་ཏུའུ་ལི་ཧྭ་ཡིས་ཞའོ་ཆང་གིས་དགའ་པོ་བྱེད་པའི་རབ་བཏགས་རི་མོ་སྤྱད་དེ་ཁོ་བོར་ཡིག་གཟུགས་བསླབས་པ་རེད། བསམ་ཡུལ་ལས་འདས་པར་ཁོ་གློ་བུར་དུ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཡིག་ཆས་བཅག་པ་དང་སློབ་ཁང་ནས་དོན་ཏེ་སྣག་ཚ་གཤོ་བ་དང་ལུས་པོ་འདར་སིག་སིག་ཏུ་གྱུར།
སྐབས་དེར། ཏུའུ་ལི་ཧྭ་སྙིང་རྗེ་ཆེན་པོ་སྐྱེས་པ་ལས་འཁང་ར་གཏན་ནས་བྱེད་ཀྱི་མེད། རྣ་བ་འོན་པའི་རྐྱེན་གྱིས་ཕྱི་རོལ་གྱི་བརྡ་རྟགས་བཀག་པ་དང་འགུལ་མང་འགོག་རྐྱེན་ལས་བྱ་སྤྱོད་ལ་ཚོད་འཛིན་ཕོག་པས་རང་ཚུགས་མ་ཟིན་པར་འགྲན་རྒོལ་བྱེད་པ་ནི་སྡུག་ཡུས་ཤོད་པའི་བྱ་ཐབས་འབའ་ཞིག་དེ་ཡིན་པ་ཁོང་གིས་གསལ་པོ་རྟོགས།
དེ་ནས་ཁོང་གིས་ཞའོ་ཆང་གི་སེམས་ཁམས་འགྱུར་བའི་ཆོས་ཉིད་ཟིན་ཐོར་བཀོད་པ་དང་དེའི་འབྱུང་རྐྱེན་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་སྐར་གསོག་བྱ་དགའ་སྤྲོད་པ་དང་བརྩེ་སེམས་ཟབ་མོས་སྐུལ་ལྕག་བྱེད་པའམ་སེམས་ཤུགས་འཕེལ་བར་བྱེད་ཀྱི་ཡོད། གཟའ་འཁོར་12ཀྱི་རྗེས་སུ། ཞའོ་ཆང་ནི་འཚབ་འཚུབ་དང་རྒྱབ་གཏོད་བྱེད་མཁན་ཞིག་ནས་སྤྲོ་སྣང་ལྡན་པའི་བྱིས་པ་ཞིག་ཏུ་གྱུར་བའི་ཁར་དྲིན་ཚོར་ཤེས་པའི་ན་གཞོན་ཞིག་ཏུ་གྱུར།
བགྲང་བྱ་27རིང་ཁོང་གིས་སློབ་གསོའི་ཆེད་རྩོམ་གཉིས་དཔེ་སྐྲུན་བྱས་པ་དང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་གསོའི་ལེགས་སྐྱེས་བྱ་དགའ་དང་། རང་སྐྱོང་ལྗོངས་ཀྱི་རྐང་འཛིན་དགེ་རྒན། རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་འཇོན་ཐང་ཅན། ལྷ་སའི་ཤེས་ཡོན་རྨད་བྱུང་ཅན། ལྷ་སའི་གྲགས་ཅན་དགེ་རྒན་སོགས་ཀྱི་མཚན་སྙན་མང་པོ་ཐོབ། ཏུའུ་ལི་ཧྭ་ཡིས“སྤྱིར་བཏང་གི་སློབ་གསོ་ནི་མེ་ཏོག་བཞད་པར་སྒུག་པ་ལྟ་བུ་ཡིན་ན་དམིགས་བསལ་གྱི་སློབ་གསོ་ནི་མྱུ་གུ་འབུས་རོགས་བྱ་རྒྱུ་དེ་རེད། སྙིང་རུས་གཏན་འཁྱོངས་བྱས་ཚེ་གཞི་ནས་ཆ་ཚང་པོ་དེ་ཙམ་མེད་པའི་ཚེ་སྲོག་ཚང་མར་བཀྲག་མདངས་འཕྲོ་ཐུབ”ཅེས་བཤད།
མོང་ཕུ་ཐི་ཡིས། རི་ཁུལ་དུ་མ་འོངས་པའི་ཕུགས་འདུན་བཏོད་པ།
2022ལོར། སློབ་ཆེན་ཐོན་མ་ཐག་པའི་མོང་ཕུ་ཐི་ཡིས“སློབ་གསོར་བརྟེན་ནས་ས་མཐོར་འོད་སྣང་འཕྲོ་བར་བྱེད་པའི”ཕུགས་འདུན་ཆེན་པོ་འཆང་བཞིན་དུ་ས་ཐག་སྤྱི་ལེ་སུམ་སྟོང་ཙམ་ཆོད་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་དགེ་རྒན་བྱེད་པར་ཡོང་།
ཁོང་གིས་སྐྱེ་དངོས་ཆེད་ལས་ཀྱི་ལེགས་ཆར་བརྟེན་པ་དང“རང་བྱུང་ཁམས་ནི་སློབ་གསོ་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ནས་རི་ཐང་དང་ཞིང་ནང་དེ་ཉིད་མི་སྣ་གསོ་སྐྱོང་གི་གཡུལ་སར་གྱུར་བར་བྱས། དཔྱིད་དུས་སློབ་མ་ཁྲིད་དེ་འབྲུ་བཏབ་ནས་མྱུ་གུ་འབུས་སྟངས་ལ་ལྟ་ཞིབ་བྱེད་པ་དང་། དབྱར་དུས་སྐྱེ་དངོས་ཤ་ཆེན་གསོ་བའི་སློབ་ཚན་བཀོད་སྒྲིག་བྱས་ནས་ཕྲུ་གུར་རང་བྱུང་ཁམས་ལ་གུས་སྐྲག་བྱེད་དགོས་པའི་ཁྲིད་སྟོན་བྱེད་པ། སྟོན་དུས་སློབ་མ་དང་མཉམ་དུ་འབྲས་བུ་བསྡུས་ཏེ“འབད་འབུངས་ཇི་ཙམ་བྱས་ཚེ་འབྲས་བུ་ཇི་ཙམ་ཐོབ་པར”མྱོང་རོལ་བྱེད་ཀྱི་ཡོད། དེ་ལྟར་དེ་སྔའི་ཕྲུ་གུ་འཚུབ་གཏེ་དེ་དག་རིམ་བཞིན་འགན་སེམས་ཆེ་བའི་སློབ་མར་གྱུར།
2023ལོར། ཁོང་གིས་སློབ་མར་མཛུབ་ཁྲིད་བྱས་ཏེ་རྒྱ་བོད་སྐད་གཉིས་ནས་ས་གནས་དེ་གའི་བརྩམས་ཆོས《ངའི་ཐོན་པ་ཆུ་བོ》ཞེས་པ་གྱེར་འདོན་བྱས་པར་ལྷ་ས་གྲོང་ཁྱེར་གྱི་གྱེར་འདོན་འགྲན་བསྡུར་ཆེ་མོར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ཕྱི་ལོར་འགྲན་ཞུགས་སློབ་མ་སྐལ་བཟང་བདེ་བླག་ངང་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་དང་ཁ་གྱེས་སྐབས“ངས་ཤེས་བྱ་ཡག་པོ་སྦྱངས་ནས་ཕ་ཡུལ་དུ་ལོག་སྟེ་སྤོས་བཟོའི་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་དམ་བཅས།
ད་ཆ་མོང་ཕུ་ཐི་ཡིས་ཐོན་པ་གྲོང་རྡལ་ཕ་ཡུལ་གཉིས་པར་བརྩིས་ཏེ་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ས་མཐོའི་བྱིས་པའི་བྱིས་བློ་དང་ཕུགས་འདུན་སྲུང་བཞིན་མཆིས།
དགེ་རྒན་གསུམ་པོས་ཁྱབ་ཁོངས་མི་འདྲ་བ་གསུམ་དུ་བརྟན་སྲུང་བྱེད་ཅིང་། ཁོང་ཚོ་ནི་གངས་ལྗོངས་ས་མཐོའི་སློབ་གསོ་བ་གྲངས་མེད་ཀྱི་བསྡུས་རིས་ཤིག་ཡིན་པ་དང་། ཉིན་ཐོག་ཉིན་བརྩེགས་ཀྱི་སྐྱོང་རོགས་ཁྲོད་ཤེས་བྱའི་ས་བོན་དང་མི་བཟང་པོ་ཞིག་བྱེད་པའི་གནས་ལུགས་ཕྲུ་གུ་ཚོའི་སེམས་ལ་ཟུག་པར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།