ས་མཐོའི་ཕྲུ་གུ་ཚོའི་རྩོམ་ཡིག་མི་དེ་བས་མང་བས་མཐོང་བར་བྱས་པ།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སློབ་འབྲིང་གི་དགེ་རྒན་ལི་ཝེ་ཡི་སྐོར་བཀོད་པ།
2018ལོར་ལོ་22ལ་སླེབས་པའི་ཧྲན་ཤིས་ཀྱི་བུ་མོ་ལི་ཝེ་ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་བརྒྱུད་ནས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་ཡོང་། ཁོང་གིས“དེ་སྔ་ལག་ཐོགས་ཁ་པར་ནས་བོད་ལྗོངས་མཐོང་མྱོང་ཡོད། སྐབས་དེ་དུས་ལམ་ཐག་ཅུང་རིང་ཙམ་ཡོད་པའི་སྣང་བ་ལས་མ་བྱུང་། ཡིན་ནའང་དངོས་སུ་ཡོང་སྐབས་དེ་འདྲ་རེད་མི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད་ཅིང་སྐབས་དེ་དུས་ལམ་ཡག་པོ་མེད་པའི་ཁར་ལམ་ཐག་རིང་པོ་ཡོད་པས། ཁོང་ལ་མུ་མཐུད་རྫ་ཡུལ་དུ་སྐྱོད་དགོས་མིན་ཐད་ཐེ་ཚོམ་ཡང་སྐྱེས་མྱོང་།
འོན་ཀྱང་ཁོང་ལས་ཀ་དེར་གཞོལ་འདོད་ཀྱི་བློ་ནི་སློབ་གྲྭར་འབྱོར་བའི་ཉིན་དང་པོར་སློབ་སྤྱི་དང་སློབ་མས་བསུ་བ་ཞུ་སྐབས་ཀྱི་འཛུམ་མདངས་དེ་ལས་བྱུང་ཞིང་། “སློབ་མ་མང་པོས་ང་ལ་འཛུམ་དམུལ་དམུལ་ངང་བསུ་མ་བྱེད་ཀྱི་འདུག་པས། ཏན་ཏན་ཏིག་ཏིག་གིས་ལས་དོན་སྒྲུབ་དགོས་པའི་བསམ་བློ་འཁོར་བྱུང”ཞེས་བཤད།
རྩོམ་ཡིག་སློབ་ཁྲིད་ནི་ལི་ཝེ་ཡིས་སེམས་ནུས་མང་པོ་འདོན་ས་ཞིག་ཡིན་ཞིང་། སློབ་མས་རྩོམ་ཡིག་འབྲི་བའི་སྐོར་ཐོས་མ་ཐག སེམས་ཁྲལ་བྱེད་པ་དང་རྩོམ་ཡིག་ཇི་ལྟར་འབྲི་དགོས་མིན་ཤེས་ཀྱི་མེད་པ་ཁོང་གིས་ཤེས་རྟོགས་བྱུང་། དེས་ན་ཁོང་རང་ཉིད་ཆུང་དུས་སྐབས་སུ་ཡང་རྩོམ་ཡིག་འབྲི་རྒྱུར་སྐྲག་གི་ཡོད་མོད། ཡིན་ནའང་རྩོམ་ཡིག་སྤེལ་འདོད་ཆེན་པོ་ཡོད་པ་ཡིད་ལ་འཁོར།
ཁོང་གིས་འཛིན་གྲྭའི་ཚགས་པར་ཆུང་ངུ་གཉེར་བ་ནས་འགོ་ཚུགས་ཏེ། བརྗོད་བྱ་གཏན་འཁེལ་བྱས་རྗེས་སློབ་མ་ཚོར་གང་འདོད་དུ་འབྲི་རུ་འཇུག་པ་དང་། བྲིས་ཚར་རྗེས་སློབ་ཁང་རྒྱབ་ཀྱི་གྱང་ལ་སྦྱར་ནས་འཛིན་གྲྭ་གཞན་གྱི་སློབ་མ་རྣམས་ལ་སྟོན་གྱི་ཡོད། བརྩམས་ཆོས་འགྲེམས་སྟོན་བྱེད་པའི་གོ་སྐབས་ཡོད་པས། སློབ་མ་རྣམས་ཀྱིས་ནན་ཏན་ངང་རྩོམ་ཡིག་འབྲི་ཡི་ཡོད། ཁོང་གིས་དེའི་ནང་ནས་འགའ་ཤས་བདམས་ཏེ“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོར་ཞུགས་པ་རེད། སློབ་མ་ཚེ་རིང་སྒྲོལ་དཀར་གྱི་རྩོམ་ཡིག《དུས་རབས་ཡག་ཤོས》ཞེས་པ་ལས་སྟེགས་དེའི་ཐོག་སྟོན་ཐུབ་པ་མ་ཟད་ལྟ་མཁན་ཁྲི་ལས་བརྒལ་ཡོད་པས། སློབ་གྲྭའི་ནང་དུ་སྐད་གྲགས་ཆེན་པོ་ཆོད། ད་དུང་ཁྱིམ་བདག་གིས་འཛིན་གྲྭའི་ཚོགས་པའི་ནང་ནས་རང་གི་ཕྲུ་གུའི་རྩོམ་ཡིག་མཐོང་རྗེས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ལོ་བདུན་གྱི་རིང་། ཁོང་གིས་བྱེད་ཐབས་དེ་ལེགས་སྒྲིག་བྱས་ཏེ《སློབ་འབྲིང་དུ་ལོ་བདུན་དགེ་རྒན་བྱས། བོད་ཀྱི“གཞི་གཅིག་གཤོག་གཉིས་གདུབ་གསུམ་རྩ་བཞིའི”ནང་གནས་རྣམ་པའི་རྩོམ་འབྲིའི་སློབ་ཁྲིད་མ་ལག་འཛུགས་སྐྱོང་དང་ལག་ལེན་གྱི་འཚོལ་ཞིབ》བཟོས་པར་བོད་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དེ་ནི་རྫ་ཡུལ་རྫོང་ལ་ཐོབ་པའི་རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོག་མ་དེ་རེད། མ་ལག་དེའི་འོག་ཕྲུ་གུ་ཚོས་སྙན་ངག་གི་ལམ་ནས་རང་ཉིད་ཀྱི་ཕ་ཡུལ་དང་ཕུགས་འདུན་འབྲི་ཡི་ཡོད། སྙན་ངག་བརྩམས་ཆོས་15ཧྲན་ཏུང་སྲུང་སྐར་བརྙན་འཕྲིན་གྱི་འཁྱུག་དབྱིངས་དང་སྤྱི་རྟགས་ཐོག་ནས་བརྒྱུད་བསྐུར་བྱས་ཤིང་། ན་ནིང་ཟླ་5པའི་བར་ལྟ་མཁན་ཁྲི་146ཟིན་ཡོད་པ་རེད།
ཀོང་ཏུང་དང་བོད་ཀྱི་ཆ་སྒྲིག་ལམ་སྲོལ་ལ་བརྟེན་ནས་རྫ་ཡུལ་རྫོང་སློབ་འབྲིང་དང་ཧྲེན་ཀྲེན་གྲོང་ཁྱེར་ཕིང་ཧྲན་ཆུས་ཀྲུང་ཧྲན་སློབ་འབྲིང་གིས“རྫ་ཡུལ་དང་ཀོང་ཏུང་དབར་གྱི་བརྩེ་སེམས”ཞེས་པའི་སྨྱུག་གྲོགས་ཀྱི་སྤེལ་རེས་ལས་སྟེགས་བཙུགས་ཡོད། བྱེད་སྒོ་ཐེངས་4སྤེལ་ནས་འཕྲིན་ཡིག་320ཙམ་བསྐུར་ཡོད། དུས་རྒྱུན་རྩོམ་ཡིག་འབྲི་སྐབས་ཡིག་ཕྲེང་ཁ་ཤས་ལས་འབྲི་མི་ཤེས་པའི་སློབ་མ་ཞིག་གིས་ཧྲེན་ཀྲེན་གྱི་སྨྱུག་གྲོགས་ལ་འཕྲིན་ཡིག་དང་པོ་གཏོང་བར་བཟོ་བཅོས་ཐེངས་ལྔ་བརྒྱབ་ཡོད། ཁོ་པས“ངས་རྩོམ་ཡིག་འབྲི་བ་ནི་སྦྱོང་ཚན་ལེགས་སྒྲུབ་བྱེད་པ་ཙམ་མིན་པར་དེ་ནི་ཐག་རིང་གི་གྲོགས་པོ་ཞིག་ལ་ངའི་ཕ་ཡུལ་ངོ་སྤྲོད་བྱེད་པའི་ཆེད་དུ་ཡིན”ཞེས་བཤད།
འབྱུང་འགྱུར་གྱི་སྐོར་གླེང་སྐབས་ལི་ཝེ་ཡིས“ངའི་རེ་བར་རྫ་ཡུལ་གྱི་ཕྲུ་གུ་ཚོའི་རྩོམ་ཡིག་མི་དེ་བས་མང་བས་མཐོང་བ་བྱས་ནས། ཁོང་ཚོས་རང་ཉིད་ཀྱི་རྩོམ་ཡིག་ལ་བརྟེན་ནས་ཕྱི་རོལ་ཡུལ་དུ་རྫ་ཡུལ་རྫོང་གི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་དང་མཛེས་ལྗོངས་ངོ་སྤྲོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།