དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཞབས་བྲོའི་ལམ་ནས་དམིགས་བསལ་ཕྲུ་གུ་ཚོར་རེ་བའི་འོད་སྣང་སྦྱིན་པ།

    ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཀུན་བཟང་ཆོས་སྒྲོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-11

    ཟླ་9པའི་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སྟོན་གྱི་ཉི་འོད་སྒེའུ་ཁུང་བརྒྱུད་ཞབས་བྲོའི་སློབ་ཁང་ཞིག་གི་པང་གཅལ་ཐོག་འཕྲོས་ཤིང་། སྒྲ་སྒམ་གཅིག་ས་ངོས་སུ་བཞག་ཡོད་པ་དང་རྣ་ཤེས་ཉམས་པའི་སློབ་མ་བཅུ་གྲངས་ཤིག་གིས་རྐང་རྗེན་མར་པང་གཅལ་ཐོག་ཏུ་ཞབས་བྲོ་སྦྱོང་བཞིན་ཡོད།

    ད་ལོ་ལོ་44ལ་སླེབས་པའི་ཀུན་བཟང་ཆོས་སྒྲོན་ནི་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་རེད། 2004ལོར་སློབ་ཆེན་ཐོན་རྗེས། ཁོང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཞིག་ཏུ་གྱུར། 2011ལོར་ལྷོ་ཁའི་དམིགས་བསལ་སློབ་གྲྭ་གྲབས་འཛུགས་བྱེད་སྐབས། ཁོང་གིས“ཕྲུ་གུ་འདི་དག་གཞན་དང་མི་འདྲ་བས། སློབ་ཁྲིད་ཐད་དེ་བས་དོ་ནན་བྱེད་དགོས”ཞེས་བཤད་ནས་རང་འགུལ་ངང་དམིགས་བསལ་སློབ་གྲྭའི་དགེ་རྒན་བྱ་རྒྱུའི་རེ་འདུན་ཞུས། དེ་ནས་བཟུང་ཁོང་དམིགས་བསལ་ཕྲུ་གུ་དེ་དག་དང་ཁ་ཡེ་ནས་བྲལ་མྱོང་མེད།

    ལས་གནས་བསྒྱུར་རྗེས། ཀུན་བཟང་ཆོས་སྒྲོན་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ལོ་གཅིག་ལས་ཐོག་སྦྱོང་བརྡར་བྱེད་པར་བཏང་བས། ལག་བརྡ་དང་དམིགས་བསལ་སློབ་གསོའི་སློབ་ཁྲིད་བྱེད་སྟངས་བརྒྱུད་རིམ་ལྡན་པའི་ངང་སྦྱངས། གསོ་སྦྱོང་གྲུབ་ནས་ཕྱིར་ལོག་རྗེས། སློབ་གྲྭས་ཁོང་ཞབས་བྲོའི་སློབ་ཚན་ཁྲིད་པར་མངགས། དེ་ཉིན་སློབ་ཁང་དུ་བྱིས་པ་བཅུ་གྲངས་གིས་ཁ་ཁུ་སིམ་པོར་མིག་ཟུང་ཁོང་ལ་གཅེར་ནས་བསྡད་ཡོད། སྐབས་དེ་དུས་ཁོང་གིས་སྒྲ་སྒམ་གྱི་སྐད་ཆེ་ཤོས་བཏང་བ་དང་སྦྲགས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞབས་བྲོ་བརྒྱབ། འོན་ཀྱང་ཁ་ཚུར་བསློགས་ནས་ལྟ་དུས་ཕྲུ་གུ་ཚོ་ག་བྱེད་འདི་བྱེད་མི་ཤེས་པར་གཅིག་གིས་གཅིག་ལ་བལྟས་ནས་བསྡད་ཡོད་པ་རེད། དེས་ན་ཀུན་བཟང་ཆོས་སྒྲོན་གྱིས་ཀྱང་ཁ་ཕར་བསློགས་ནས་དབུགས་རིང་ཞིག་བཏང་རྗེས། ཁོང་ཁྲོ་དང་བློ་ཕམ་གྱི་རྣམ་འགྱུར་གང་ཡང་མ་བསྟན་པར་ཕྲུ་གུ་ཚོའི་ཕྱོགས་སུ་འཛུམ་གྱིས་གཏད། ཉིན་དེ་ནས་བཟུང་ཁོང་གིས་རྣ་ཤེས་ཉམས་པའི་ཕྲུ་གུས་དབྱངས་འགྲོས་ཇི་ལྟར་བྱས་ནས་ཤེས་རྟོགས་བྱེད་དགོས་མིན་སྐོར་ལ་བསམ་བློ་གཏོང་འགོ་ཚུགས།

    ཉིན་ཞིག་སློབ་ཚན་འཁྲིད་དུས་ཕྲུ་གུ་ཞིག་སྒྲ་སྒམ་གྱི་འགྲམ་དུ་ལངས་ནས་ཡོད་པ་དང་། སྒྲ་སྒམ་ནས་གླུ་གཞས་བཏང་མ་ཐག་པང་གཅལ་སྦིར་སྦིར་བྱས་པས་ཕྲུ་གུ་དེར་སྐྲག་སྣང་ཆེན་པོ་བྱུང་བ་ཀུན་བཟང་ཆོས་སྒྲོན་གྱིས་མཐོང་བས། སློབ་མས་རྐང་མཐིལ་ནས་དབྱངས་འགྲོས་ཚོར་ཐུབ་ཀྱི་ཡོད་པ་འདྲ་སྙམ་བཞིན་སྒྲ་སྒམ་པང་གཅལ་ཐོག་བཞག་ནས་ཕྲུ་གུ་ཚོ་རྐང་རྗེན་མར་ལངས་སུ་བཅུག་པས། དང་ཐོག་ཕྲུ་གུ་དེ་དག་གིས་གཟབ་གཟབ་སིག་སིག་གིས་རྐང་པའི་མཛུབ་མོ་བསྐུམས་ནས་ཐུག་ཐུག་བྱས། རིམ་གྱིས་ཕྲུ་གུ་ལ་ལས་མགོ་བོ་ལྕོག་ལྕོག་བྱས་པ་དང་། ལ་ལས་འཛུམ་དམུལ་དམུལ་བྱས་པས། ཀུན་བཟང་ཆོས་སྒྲོན་གྱིས་ཕྲུ་གུ་ཚོས་དབྱངས་འགྲོས་ཤེས་རྟོགས་བྱུང་བ་ཤེས།

    དེ་ནས་བཟུང་ཁོང་གི་སློབ་ཚན་འཁྲིད་སྟངས་འགྱུར་ཞིང་། ཐལ་མོ་པང་གཅལ་ལ་རྡེབ་པ་དང་སྦྲགས། དབྱངས་འགྲོས་དང་བསྟུན་ནས་ལག་ཐོགས་ཁ་པར་གྱིས་གློག་འོད་ཁྱུག་ཁྱུག་བྱས་ཏེ། ཕྲུ་གུ་ཚོའི་ལག་པ་སྒྲ་སྒམ་ཐོག་སྦྱར་དུ་བཅུག་སྟེ་འགྱུར་ཁུག་ཚོར་དུ་འཇུག་གི་ཡོད། སློབ་ཁང་ནང་ནས་ལག་པ་པང་གཅལ་ལ་རྡེབ་པའི་སྒྲ་དང་རྐང་པ་པང་གཅལ་དུ་བརྡར་བའི་སྒྲ་ལས་རོལ་དབྱངས་ཀྱི་སྒྲ་ཐོས་རྒྱུ་མེད། སྐབས་འགར་ཕྲུ་གུའི་ངག་ནས་གསལ་པོ་མེད་པའི་སྒྲ་འགའ་བྱིན་པ་ནི་ཕྲུ་གུ་ཚོས་དབྱངས་འགྲོས་ཤེས་པའི་མཚོན་རྟགས་རེད།

    འདི་ལྟར་ཉིན་ནས་ཉིན་དང་ལོ་ནས་ལོ་བར་རྡག་སྒྲ་སློབ་ཁང་ཙམ་མ་ཟད་ཐག་རིང་ལུང་ཁུག་གི་དམིགས་བསལ་ཁྱིམ་ཚང་དུའང་གྲགས་བཞིན་ཡོད། ཀུན་བཟང་ཆོས་སྒྲོན་དང་ཕྲུ་གུ་ཚོའི་འབད་བརྩོན་ལ་རིམ་གྱིས་འབྲས་བུ་སྨིན་ཞིང་། ཁོང་གིས་ཁྲིད་པའི་སྒྱུ་རྩལ་ཚོགས་པས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་སྒྱུ་རྩལ་སྐོང་འཁྲབ་ནུབ་རྒྱུད་འགྲན་ཁུལ་གྱི་ཞབས་བྲོའི་རིགས་ཀྱི་འགྲན་བསྡུར་ལ་ཨང་དང་པོ་གཉིས་བསྟུད་མར་རག་པ་རེད།

    རྒྱུན་གཏན་གྱི་སྦྱོང་བརྡར་དང་འགྲན་བསྡུར་ཕུད། ཀུན་བཟང་ཆོས་སྒྲོན་གྱིས་ད་དུང་ཕྲུ་གུ་ཚོའི་འབྱུང་འགྱུར་ལ་སེམས་ཁྲལ་བྱེད་ཀྱི་ཡོད། སློབ་གྲྭ་ཐོན་ཉེའི་མཚམས་སུ་ཁོང་གིས་གང་ས་གང་ནས་དམིགས་བསལ་སློབ་གསོའི་སློབ་གླིང་དང་སློབ་གྲྭའི་སློབ་བསྡུའི་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་། སློབ་གྲྭ་གང་ཞིག་གིས་ཆེད་ལས་གང་ཞིག་བསྡུ་བ་དང་། ཡིག་རྒྱུགས་གང་ཞིག་གཏོང་བ་སོགས་ཁོང་གིས་རེ་རེ་བཞིན་གསེད་བཀྲོལ་བྱེད་ཀྱི་ཡོད།

    དུས་ཚོད་ནི་དེ་ལྟར་ཉིན་རེ་བཞིན་ཕར་ལ་འདས་བཞིན་ཡོད། ཀུན་བཟང་ཆོས་སྒྲོན་གྱི་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག《ཀྲུང་གོའི་ལག་བརྡ》ཞེས་པའི་དཔེ་དེབ་གཅིག་དང་སློབ་མ་ཡོངས་ཀྱི་མཉམ་པར་གཅིག་བསྒྲིགས་ཡོད། དཔེ་དེབ་དེ་ཁོང་གིས་བཀླགས་དྲག་པའི་རྐྱེན་གྱིས་རལ་ཡོད་པ་དང་། འདྲ་པར་ནང་གི་བྱིས་པ་ཚོ་ནི་ཁོ་མོའི་མཐའ་འཁོར་དུ་འཛུམ་དམུལ་ལེར་ལངས་ནས་བསྡད་འདུག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།