ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ཕུལ་བ།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཡོངས་ལ།
དགེ་རྒན་དུས་ཆེན་ཐེངས་42པ་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། བླ་ན་མེད་པའི་གུས་འདུད་བཅས་ཞུ་རྒྱུ་ཡིན། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། སྤྱོད་བརྟེན་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་དཔེ་ཁྲིད་མི་སྐྱོང་དང་། རྩ་གསོ་བློ་སྦྱོང་། སྐད་གྲགས་མེད་པར་འབད་བརྩོན། བློ་རྩེ་གཅིག་སྒྲིམ་གྱིས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་གི་བསམ་པའི་ཉམས་འགྱུར་བཟང་པོ་གསོན་ཉམས་དོད་པོས་མངོན་ཡོད། འདི་གར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
མིག་སྔར། རང་ལྗོངས་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་སློབ་གསོས་འགག་རྩའི་ནུས་པ་ཐོན་གྱི་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་སློབ་གསོ་དེ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་སྔོན་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་གྱི་དཔུང་ཁག་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་ལས་རིགས་ཀྱི་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་དགེ་རྒན་ནི་སྤྱི་ཚོགས་སུ་སྙན་གྲགས་ཆེན་པོ་ལྡན་པ་དང་སྤྱི་ཚོགས་སུ་བརྩི་འཇོག་ཆེན་པོ་བྱེད་པའི་ལས་རིགས་ཀྱི་གྲས་ཤིག་ཏུ་འགྱུར་བར་བྱེད་དགོས།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་འབད་འབུངས་མདུན་སྐྱོད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་མཐའ་འཁྱོངས། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མི་སྣ་སྐྱོང་བའི་འགན་འཁྲི་འཁུར་ཕོད་པ། སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་བརྟན་སྲུང་། སློབ་མར་སློབ་སྦྱོང་དང་། ལས་ཀ མི་བཟང་བཅས་བྱེད་པར་མིག་དཔེ་འདོན་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། སློབ་གསོའི་ལྗོངས་སྟོབས་ཆེན་མགྱོགས་པོ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་རེ་བ་ཞུ་རྒྱུ་ཡིན།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་ལས་བཟོ་བ། དེ་བཞིན་རྒྱ་ཆེའི་སློབ་སྐྱོར་ལས་དོན་པ་བཅས་ལ་དུས་ཆེན་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་འགྲོ བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཀརྨ་ཚེ་བརྟན།
2026ལོའི་ཟླ་9ཚེས་9ཉིན།
འབྲེལ་ཡོད་གསར་འགྱུར།