ཇི་ལྟར་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་གོས་བློ་བདེ་པོས་ཉོས་ནས་གྱོན་ཆོག་གམ།
ཉེ་དུས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་གོས་ཉོ་སྒྲུབ་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས་པ་རེད། སློབ་གོས་ཀྱི་སྤུས་ཚད་དེ་སློབ་མའི་བདེ་ཐང་དང་འབྲེལ་བ་ཡོད་པས་ཁྱིམ་བདག་ཚོས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སློབ་གོས་ཀྱི་སྤུས་ཚད་འགན་ལེན་ཇི་ལྟར་བྱེད་དགོས་སམ། ཁྱིམ་བདག་ཚོས་ཇི་ལྟར་ལྟ་སྐུལ་བྱེད་དགོས་སམ། དེའི་ཐད་གསར་འགོད་པས་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་རེད།
སྒྲིག་སྲོལ་ཁ་གསལ།
ཀློག་པ་པོའི་དོ་ཁུར། སློབ་གོས་ངེས་པར་དུ་ཉོ་དགོས་སམ། སློབ་གོས་ཀྱི་བཟོ་ལྟ་ཡང་ཡང་བརྗེས་ན་ཁྱིམ་བདག་ལ་དཔལ་འབྱོར་ཁུར་པོ་ལྕི་རུ་གཏོང་སྲིད་དམ།
སྔོན་ལ་ཉོ་སྒྲུབ་ཀྱི་རྩ་དོན་ནས་བརྗོད་ན། རང་མོས་ངང་ཉོ་བ་ནི་སློབ་མ་དང་ཁྱིམ་བདག་གིས་རང་བརྟེན་ཐག་གཅོད་བྱེད་དགོས་པ་ཞིག་རེད།
ད་ལོ་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ལྟོ་ཆས་དང་། སློབ་ཁྲིད་རོགས་རམ། སློབ་གོས་བཅས་ཀྱི“བཅོས་སྒྲིག་ཁག་གསུམ”ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཟླ་3པར་རྨང་གཞིའི་སློབ་གསོའི་ཚད་ལྡན་དོ་དམ་གྱི་བཀག་རྒྱའི་གསལ་ཐོ་གསར་པ་ཁྱབ་བསྒྲགས་བྱས་ནས། བཙན་ཤེད་ཀྱིས་སློབ་གོས་ཉོ་རུ་བཅུག་སྟེ་སློབ་གོས་ཉོས་ནས་དེའི་ཁྲོད་ཁེ་ཕན་རག་ཐབས་བྱེད་པ་དང་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་གཏན་འགོག་བྱས་ཡོད་པ་རེད།
འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས་ངེས་པར་དུ་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་དགོས་པ་དང་འབྲེལ། ཁྱིམ་བདག་ཨུ་ལྷན་དང་འབྲེལ་གཏུག་གང་ལེགས་བྱས་ཏེ་སློབ་གོས་འདེམས་སྤྱོད་བྱེད་མིན་གཏན་འཁེལ་བྱེད་དགོས། ཐུན་མོང་གི་ཐབས་ཇུས་མ་བརྒྱུད་པར་སློབ་གོས་འདེམས་ཉོའི་བྱེད་སྤྱོད་གཏན་འགོག་བྱེད་དགོས། སློབ་གྲྭའི་བྱེད་སྒོ་དང་བཟོ་ལྟ་སྟོན་རྒྱུ་སོགས་ལ་ཁ་གཡར་ནས་གྱོན་གོས་ཀྱི་ཆ་རྐྱེན་བཟོ་མི་རུང་།
སློབ་གོས་ཉོ་གྲངས་ནས་བལྟས་ན། སྤྱིར་བཏང་སློབ་གོས་དེ་ལོ་གསུམ་རེར་དུས་མཚམས་རེ་བྱས་ནས་ཉོ་དགོས་ཤིང་། སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་དང་། ལོ་རིམ་བཞི་པ་ནས་དྲུག་པའི་བར། དམའ་རིམ་སློབ་འབྲིང་གི་དུས་མཚམས། མཐོ་རིམ་སློབ་འབྲིང་གི་དུས་མཚམས་བཅས་གཞིར་བཟུང་ཉོ་དགོས། སློབ་ཐོན་སློབ་མས་སློབ་གོས་ཉོ་དགོས་ཀྱི་མེད་པ་རེད།
འགན་འཁུར་བ་དེས། “སློབ་གོས་ཀྱི་བཟོ་ལྟ་གཅིག་བདམས་རྗེས་ཡུན་རིང་དེ་ལྟར་སྤྱོད་ཀྱི་ཡོད་པས་ཁྱིམ་བདག་གིས་སློབ་གོས་ཡང་སེ་ཉོ་བའི་ཁུར་པོ་ཡང་དུ་བཏང་ཡོད”ཅེས་བཤད་པ་དང་། ཁོང་གིས“ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་དང་། སྔོན་གཤེགས་དཔའ་བོའི་བུ་ཕྲུག དྭ་ཕྲུག དབང་པོ་སྐྱོན་ཅན་བྱིས་པ་སོགས་ལ་བྱ་ཐབས་སྤྱད་དེ་རིན་མེད་ངང་སློབ་གོས་མཁོ་འདོན་བྱེད་དགོས་ཀྱི་ཡོད”ཅེས་བཤད།
འགག་སྒོ་ནན་སྲུང་།
ཀློག་པ་པོའི་དོ་ཁུར། ཇི་ལྟར་བྱས་ནས་སློབ་གོས་ཡག་པོ་བདམས་ཏེ་བདེ་འཇགས་ཚད་ལྡན་ཡོང་བར་འགན་ལེན་བྱེད་དགོས་སམ།
སློབ་གོས་འདེམས་སྐབས་བདེ་འཇགས་ནི་འགག་རྩའི་ཚད་གཞི་ཡིན། ཉོ་སྒྲུབ་ཀྱི་དྲན་སྐུལ་ཁག་གསུམ་སྟེ།
དྲན་སྐུལ་ཁག་དང་པོ། ཚད་གཞི་ངོས་འཛིན་བྱེད་དགོས་ཤིང་། བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི《རྒྱལ་ཁབ་ཀྱི་འཁལ་འཐག་ཐོན་རྫས་ཀྱི་གཞི་རྩའི་བདེ་འཇགས་ལག་རྩལ་ཚད་གཞི》དང《ཕྲུ་གུ་དམར་འབྱར་དང་བྱིས་པའི་འཁལ་འཐག་ཐོན་རྫས་ཀྱི་བདེ་འཇགས་ལག་རྩལ་ཚད་གཞིའི》ནང་ཅཱ་ཆོན་དང་ཚོས་བུད་ནས་ངན་སྐྲན་ཆགས་པ། pHགྲངས་ཐང་སོགས་ཚོད་འཛིན་ནན་པོ་བྱེད་པ་དང་། འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གོས》ནང་ལུས་སྦྱར་རྒྱུ་ཆའི་སྲིང་བལ་ཚི་སྣ་འདུས་ཚད་དང་བཞའ་འཁུམས་ཚད་སོགས་ཀྱི་དམིགས་ཚད་ཞིབ་ཕྲ་བཟོས་ཡོད། སློབ་གོས་ཉོ་སྐབས་གན་རྒྱའི་ནང་གོང་གསལ་གྱི་ཚད་གཞི་གསལ་པོར་བཀོད་ནས་སྤུས་ཚད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས།
དྲན་སྐུལ་ཁག་གཉིས་པ། ངོ་རྟགས་གསལ་པོ་ལྟ་དགོས་ཤིང་། ཟླ་7ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཚི་སྣའི་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་བྱ་ཐབས》དངོས་སུ་ལག་ལེན་བསྟར་བཞིན་ཡོད་པ་དང་སློབ་མའི་སློབ་གོས་ལ“ངེས་པར་དུ་ཚི་སྣའི་གྲུབ་ཆ་དང་། འདུས་ཚད། བདེ་འཇགས་རིགས་བཅས་འགོད་དགོས་པ”གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
དྲན་སྐུལ་ཁག་གསུམ་པ། ལམ་སྲོལ་ལ་བརྟེན་དགོས་ཤིང་། “ཞིབ་བཤེར་གཉིས་སྐྱེལ”གྱི་ལམ་སྲོལ་ཁྱབ་གདལ་གཏོང་དགོས། དངོས་ཟོག་མཁོ་སྤྲོད་ཁེ་ལས་ཀྱིས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་རྨང་གཞིའི་ཐོག་ཉོ་སྒྲུབ་ཚན་པས་དོན་དངོས་དང་ཟུང་འབྲེལ་གྱིས་སླར་ཡང་ཞིབ་བཤེར་བྱ་རྒྱུར་སྐྱེལ་རྒྱུའི་ལྕག་སྐུལ་བྱེད་དགོས།
ལྟ་སྐུལ་ལ་ཤུགས་སྣོན།
ཀློག་པ་པོའི་དོ་ཁུར། གལ་ཏེ་སྤུས་ཞན་གྱི་སློབ་གོས་དང་བཙན་ཤེད་ཀྱིས་ཉོ་རུ་བཅུག་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ་བསམ་འཆར་ཇི་ལྟར་འདོན་དགོས་སམ།
བླང་བྱ་གཞིར་བཟུང་། སློབ་གྲྭས་བཙུགས་པའི་སློབ་གོས་འདེམས་སྤྱོད་རྩ་འཛུགས་ཀྱིས་སློབ་མ་དང་ཁྱིམ་བདག་གི་འཐུས་མི་གཙོ་བོར་བྱས་ཏེ། འདོད་མོས་ཡོད་པའི་ཁྱིམ་བདག་འཐུས་མིར་བདམས་ནས་སློབ་གོས་འདེམས་སྤྱོད་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་ཆོག
འགན་ཁུར་བ་དེས་གལ་སྲིད་མཆན་རྟགས་དང་ངོ་རྟགས་གསལ་པོ་མེད་པ་དང་སྤུས་ཚད་ཡག་པོ་མེད་པའི་སློབ་གོས་འབྱོར་ཚེ། སློབ་གྲྭའམ་ཡང་ན་ཁེ་ལས་ལ་འབྲེལ་བ་བྱས་ནས་བརྗེ་པོ་སློག་ན་འགྲིག གལ་སྲིད་སྤུས་ཞན་གྱི་སློབ་གོས་དང་བཙན་ཤེད་ཀྱིས་ཉོ་རུ་བཅུག་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ་ས་གནས་དེ་གའི་སློབ་གོས་ཉོ་སྒྲུབ་ཀྱི་ཐེར་འདོན་ཁ་པར་དང་ཡིག་སྐུར་ངོ་བཅར་བརྒྱུད་གནད་དོན་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་ཞེས་དྲན་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།