ལྷོ་ཁ་གྲོང་ཁྱེར་གྱིས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི“བློ་བདེ་པོས་མངལ་འཁོར་བ་དང་། ཕྲུ་གུ་སྐྱེ་བདེ་བ། གསོ་སྐྱོང་ཡག་པོ་ཐུབ་པ”བཅས་ཀྱི་ལྟེ་བའི་དགོས་མཁོར་དམ་པོར་དམིགས་ཏེ། སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་ནས་གཉེན་སྒྲིག་མ་བྱས་གོང་དང་། མངལ་མ་འཁོར་གོང་། ཕྲུ་གུ་འཁོར་རིང་། ཕྲུ་གུ་བཙའ་བ་དང་དེ་བཞིན་གསོ་སྐྱོང་དུས་མཚམས་བཅས་ལ་ཁྱབ་པའི་དུས་འཁོར་ཧྲིལ་པོའི་བུ་བཙའི་འགན་ལེན་མ་ལག་བསྐྲུན་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཡང་དུ་བཏང་ནས་མི་འབོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བརྟན་པོ་བཏང་ཡོད།
ས་མཐོར་གསོ་རླུང་དཀོན་པ་དང་། ཞིང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་མ་བུ་བདེ་ཐང་གི་གདུབ་ཟུམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔར། གྲོང་ཁྱེར་ཡོངས་སུ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་99.5%ཡན་བརྟན་པོ་ཡོད་པ་དང་། ཕྲུ་གུ་དམར་འབྱར་གྱི་ཐོས་ཚོར་དང་ལྷན་སྐྱེས་སྙིང་ནད་སོགས་ནད་རིགས་ལྔ་རིན་མེད་དབྱེ་བཤེར་བྱེད་ཚད་100%ཟིན་པ། ལོ་0ནས་6བར་གྱི་བྱིས་པར་བདེ་ཐང་དོ་དམ་བྱེད་ཚད་92%ཡན་བརྟན་པོ་ཡོད་པ། ཕྲུ་གུ་དམར་འབྱར་ལ་བརྟག་དཔྱད་བྱེད་ཚད་96%ཡན་ཟིན་པ་བཅས་རེད། ཉེ་བའི་ལོ་ལྔའི་རིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་བཟའ་ཚོ་ཁྲི་1.1ལྷག་ཙམ་ལ་རིན་མེད་གཉེན་སྒྲིག་བརྟག་དཔྱད་དང་མངལ་མ་འཁོར་གོང་ལེགས་བཙའི་བདེ་ཐང་བརྟག་དཔྱད་ཀྱི་ཞབས་འདེགས་ཞུས་པ་དང་མི་ཚོགས་དེ་རིགས་ལ་ཁྱབ་ཚད་80%ཡན་ཟིན་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་སུ་ན་ཟུག་མེད་པར་ཕྲུ་གུ་སྐྱེ་ཚད་65%ཡན་ཟིན་པ་དང་ལོ་རེར་ཆ་སྙོམས་བུ་བཙའི་ཚན་ཁག་གི་ནད་གཞི་300ལྷག་ཙམ་ཐག་གཅོད་ནུས་ལྡན་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཕྲུ་གུ་གསུམ་སྐྱེ་མཁན་ལ་ཕྲུ་གུ་སྐྱེས་ནས་ངལ་གསོའི་རིང་གླ་ཕོགས་ཡོད་པ་དང་། བཟའ་ཟླར་ཕྲུ་གུའི་སྐྱེས་གཡོག་གི་ངལ་གསོ་དང་། ཕྲུ་གུ་གསོ་སྐྱོང་གི་ངལ་གསོ། ནད་གཡོག་རྒྱུག་པའི་ངལ་གསོ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་ས་བབ་སྨི་4000ཡན་གྱི་མཐའ་མཚམས་ས་ཁོངས་ཀྱི་ལས་བྱེད་ལས་བཟོས་ཕྲུ་གུ་གསུམ་སྐྱེས་ཚེ་གླ་ཕོགས་ཡོད་པའི་སྒོ་ནས་ངལ་གསོ་ལོ་གཅིག་དང་ལོ་ཕྱེད་འཇོག་རྒྱུ་རེད། ཕྲུ་གུ་གསོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཚུན། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་3061.79བཏང་བ་དེས་ཕྲུ་གུ་དམར་འབྱར་9773ལ་ཕན་པ་ཐོབ་ཡོད། བུ་བཙའི་རམ་འདེགས་ལག་རྩལ་དང་ཕྲུ་གུ་སྐྱེ་སྐབས་ན་ཟུག་གཅོག་པའི་ཞབས་ཞུ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པ་དང་ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་གཅོག་བྱེད་སྨན་ཁབ་ཀྱི་འགྲོ་གྲོན་སྔོན་ལ་སྤྲོད་དགོས་པའི་བསྡུར་ཚད་མེད་པ་བཟོས་ཁར། ལོ་0ནས་3བར་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་རོགས་དངུལ་ཆ་ཚང་སྤྲོད་རྒྱུ། ཕྲུ་གུ་མང་བའི་ཁྱིམ་ཚང་ལ་ཁང་པ་ཉོ་བའི་ཆེད་དོན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕྲུ་གུ་མང་བའི་ཁྱིམ་ཚང་གི་སྡོད་ཁང་གི་གནོན་ཤུགས་ཆུང་དུ་ནུས་ལྡན་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།