དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • མཐོ་འབྲིང་སློབ་མས《རྩོམ་རིག་དགའ་ཚལ》ལྟ་ཀློག་བྱེད་པའི་དགེ་མཚན་མདོར་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-23

    ལོ་འགའི་སྔོན་ནས་ཁོ་མོས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་ཞེས་པའི་པར་ངོས་ཤིག་མཐོང་བྱུང་། དེའི་ཐོག་སློབ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་རིག་བརྩམས་ཆོས་མང་དག་ཅིག་བཀོད་འདུག་པས། བརྩམས་ཆོས་དག་གི་ཁ་བྱང་དང་རྩོམ་ལུས་ལ་ཞིབ་པར་ལྟ་ཀློག་བྱེད་སྐབས། དེ་དག་ནི་ད་ལྟའི་མཐོ་འབྲིང་སློབ་མ་སོགས་ཀྱི་རྩོམ་ཡིག་རེད་འདུག་པས། མཐོ་འབྲིང་སློབ་མས་རྩོམ་ཡིག་དེ་དག་ལ་ལྟ་ཀློག་བྱེད་ཐུབ་ན། མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་ཡིག་འབྲི་སྦྱོང་དང་བསམ་གཞིག་གཉིས་ཀར་ཕན་པ་ཆེན་པོ་ཐོགས་ངེས་ཡིན་པའི་མྱོང་ཚོར་བྱུང་།

    དང་པོ། སློབ་མ་དང་ལོ་མཉམ་ཡིན་པའི་རྩོམ་མཁན་དང་བསམ་བློ་བརྗེ་རེས་ཐུབ་པ།

    རྩོམ་རིག་ནི་མིའི་རིགས་ཀྱི་སེམས་ཁམས་གསོ་བའི་བདུད་རྩི་ལྟ་བུ་ཡིན་པས། སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་ཕྲུག་ལ་སློབ་ཕྱིའི་ལྟ་ཀློག་སྐོར་གྱི་བརྩམས་ཆོས་ངོ་སྤྲོད་བྱེད་སྐབས། སློབ་མའི་རིག་གནས་ཆུ་ཚད་དང་མཐུན་པའི་བརྩམས་ཆོས་ངོ་སྤྲོད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། 《རིག་རྩོམ་སྐད་ཆའི་རིགས་དང་རྩོམ་འཇུག》ཅེས་པར། “ལྟ་ཀློག་ནི་རྒྱུ་ཆ་ཐོབ་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་སྟེ། མི་ཞིག་གི་མི་ཚེ་གང་པོའི་ནང་ཤེས་བྱ་ཡོན་ཏན་འཕེལ་བར་བྱེད་པའི་ཐབས་དམ་པ་ནི་ལྟ་ཀློག་བྱས་ནས་ཐོས་པ་གསོག་དགོས་པ་དེ་རེད། ལྟ་ཀློག་གི་མྱུར་ཚད་མགྱོགས་སུ་དང་ལས་ཆོད་ཆེ་རུ་གཏོང་བར་ངེས་པར་དུ་ལྟ་ཀློག་བྱེད་ཐབས་ལ་དོ་སྣང་བྱེད་དགོས”ཞེས་གསུངས་པ་ལྟར། སློབ་མའི་ལྟ་ཀློག་གི་ནང་དོན་ལའང་དགེ་རྒན་གྱིས་སྣེ་ཁྲིད་ལེགས་པར་བྱེད་དགོས་པ་སྟེ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་ཞེས་པའི་པར་ངོས་སུ་སློབ་འབྲིང་སློབ་མའི་བརྩམས་ཆོས་ཕུལ་བྱུང་མང་པོ་བཀོད་དང་འགོད་བཞིན་ཡོད་ཅིང་། དེ་དག་གི་རྩོམ་ལུས་དང་རྩོམ་སྟངས་སོགས་ལ་བལྟས་ཚེ། ཕལ་ཆེ་བ་ལྷུག་རྩོམ་དང་སྙན་རྩོམ་ཡིན་པས། སློབ་མས་རྒྱུན་མཐུད་ནས་དེ་དག་ལྟ་ཀློག་བྱས་ཚེ། ཕན་ཚུན་བསམ་བློ་བརྗེ་རེས་དང་སློབ་སྦྱོང་ཞུ་རེས་སོགས་བྱེད་ཐུབ། རང་དང་ན་མཉམ་གྱི་སློབ་མས་བྲིས་པའི་བརྩམས་ཆོས་ཁག་གཅིག་གི་བརྗོད་བྱ་སྙན་འཇེབས་ལྡན་ལ་ཚིག་སྦྱོར་བཀོལ་སྤྱོད་སོགས་ཧ་ཅང་ཡག་པོ་ཡོད། དེ་ལས་རྩོམ་ཡིག་ཅིག་འབྲི་བར་ཆ་རྐྱེན་གང་མང་འཛོམས་དགོས་པ་དང་གནས་ཚུལ་དང་སྣང་ཚུལ་མང་དག་ལ་དོ་སྣང་ཞིབ་ཕྲ་བྱེད་དགོས་པའི་གོམས་གཤིས་འཇགས་དགོས་པ་སོགས་ཡིད་ལ་འཆར་ངེས།

    གཞན་ཡང་། ཁོ་མོས་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་མཛུབ་སྟོན་བྱེད་སྐབས། རང་ངོས་ཀྱི་གསར་རྩོམ་དང་གཞན་རྩོམ་བཤུ་འབྲི་བྱེད་པའི་ལས་འགན་ཁག་གཉིས་བཀོད་སྒྲིག་བྱེད་ཀྱི་ཡོད། གཞན་རྩོམ་བཤུ་འབྲི་བྱེད་པར་དང་ཐོག་རྩོམ་རིག་དགའ་ཚལ་གྱི་ནང་དོན་དག་བཀོད་སྒྲིག་བྱེད་ཀྱི་ཡོད་པས། སློབ་མའི་རྩོམ་འབྲིའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། ཡིག་གཟུགས་དང་དག་ཆའང་ཡར་རྒྱས་འགྲོ་བ། ཕྲད་ཀྱི་སྦྱོར་སྟངས་ལ་དོ་སྣང་བྱུང་བ། དེ་བཞིན་རྩོམ་མགོ་ཇི་ལྟར་འཛུགས་པ་དང་གཞུང་ཇི་ལྟར་བསྲིངས་པ། རྩོམ་མཇུག་ཇི་ལྟར་བསྡུ་བ་སོགས་ཀྱི་གོ་རིམ་ཁ་གསལ་དུ་ཕྱིན་ནས། རྩོམ་གྱི་ཁ་བྱང་བཀོད་སྒྲིག་བྱེད་སྐབས་སློབ་མའི་སེམས་ནང་སྔོན་ཚུད་ནས་ཇི་ལྟར་འབྲི་དགོས་མིན་ཐད་གསལ་ཆ་ཐོན་ཐུབ། དེས་མ་ཚད། སློབ་མས་ནང་དོན་མཚོན་སྟངས་དང་ཚིག་སྦྱོར་སྤེལ་སྟངས། གཏམ་དཔེ་དང་དཔེ་ཆོས། ལེགས་བཤད་དང་དམངས་གཞས་སོགས་མཁས་པའི་གསུངས་ལུང་དུ་འདྲེན་ཐབས་ལ་རྒྱུས་མངའ་བྱུང་ནས། དེ་དག་སློབ་མ་རང་གི་རྩོམ་ཡིག་གསར་རྩོམ་སྐབས་སྤྱོད་དུ་འཇུག་གི་ཡོད། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་གསར་བུའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ》ཞེས་པའི་ནང་། “མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་བསྡུས། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །”ཅེས་གསུངས་པ་ལྟར། གཞན་རྩོམ་གྱི་དགེ་མཚན་དག་ལེན་མཁས་པའི་སློབ་མ་མང་དག་ཅིག་བྱུང་བ་ནི་ཁོ་མོས་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་དངོས་སུ་མཐོང་བའི་མྱོང་བ་ཡིན།

    གཉིས་པ། རྩོམ་ཡིག་འབྲི་སྦྱོང་བྱས་ནས་ཚགས་པར་ཐོག་སྤེལ་དུ་འཇུག་པ།

    སློབ་ཕྲུག་གིས་གཞན་རྩོམ་ལ་ལྟ་ཀློག་བྱེད་སྐབས། དགེ་རྒན་གྱི་ངོ་སྤྲོད་ཁོ་ནར་ཉན་པ་མ་ཡིན་པར། སྐབས་འགར་བོད་སྐད་ཡིག་དགེ་རྒན་དང་སློབ་ཕྲུག་གིས་བརྩམས་ཆོས་གཅིག་མཉམ་དུ་ལྟ་ཀློག་བྱས་ནས། རྩོམ་ཡིག་གི་ནང་དོན་དང་ཚིག་སྦྱོར། སྒྲིག་གཞི་སོགས་ལ་ཐུན་མོང་ཐོག་དབྱེ་ཞིབ་དང་བསམ་གཞིག་བགྱིས་ཏེ། དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མས་རང་ངོས་ཀྱི་ལྟ་བ་བརྗོད་ཐུབ་ཚེ། སློབ་མས་མཇུག་ཏུ་གཞན་རྩོམ་གྱི་དགེ་མཚན་མཐོང་ནས་རང་ཉིད་གསར་རྩོམ་ལམ་དུ་ཆས་སྐབས་ཐབས་དེ་དག་སྤྱོད་ཐུབ་པའི་དགེ་མཚན་ཡོད་ལ། ཡང་སྒོས་སུ་རྩོམ་རིག་དགའ་ཚལ་གྱི་རྩོམ་མཁན་མི་ཉུང་བ་ཞིག་མཐོ་འབྲིང་སློབ་མ་ཡིན་པ་གང་ཞིག ཀློག་པ་པོའི་ཁྲོད་དུའང་མཐོ་འབྲིང་སློབ་མ་མང་པོ་ཡོད་པས། གཞན་གྱི་བརྩམས་ཆོས་ཕུལ་བྱུང་དག་མིག་ལམ་དུ་འཆར་སྐབས་གཞན་རྩོམ་གྱི་དགེ་མཚན་མང་དག་ལ་སློབ་སྦྱོང་ཞུ་ཐུབ་པ་མ་ཟད། བོད་སྐད་ཡིག་གི་རྩོམ་འབྲིའི་ཆུ་ཚད་ཅུང་བཟང་བའི་སློབ་མ་ཕལ་ཆེ་བའི་རྩོམ་འབྲིའི་དགའ་ཞེན་སྐྱེད་སྲིང་ཐུབ་པ་དང་། རང་ཉིད་ཀྱིས་ཀྱང་སྤུས་ཚད་ཅུང་ལེགས་པའི་རྩོམ་ཡིག་འབྲི་བའི་ལག་ལེན་དངོས་ནང་ཞུགས་ཏེ། དུས་ནམ་ཞིག་ཚགས་པར་ཐོག་རང་གི་རྩོམ་ཡིག་སྤེལ་ཐུབ་པ་བྱ་རྒྱུའི་སེམས་ཤུགས་དེ་ལག་ལེན་དངོས་ནང་འཁྱོལ་ཐུབ་པར་རྔོ་ཐོགས་ངེས་ཡིན།

    གསུམ་པ། སློབ་མར་རྩོམ་རིག་དགའ་ཚལ་ངོ་སྤྲོད་བྱེད་པའི་དམིགས་ཡུལ།

    གོང་གི་དེ་དག་ནི་ཁོ་མོས་མཐོ་འབྲིང་སློབ་མར་རྩོམ་ཡིག་འབྲི་སྦྱོང་བྱེད་སྐབས་སྤྱོད་པའི་དམིགས་བསལ་གྱི་ཐབས་ཤེས་ཤིག་ཡིན་པ་སྟེ།

    དེ་ཡང་བརྩམས་ཆོས་མང་དག་ཡོད་པ་ལས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་པར་ངོས་ཀྱི་བརྩམས་ཆོས་ངོ་སྤྲོད་བྱེད་པ་ནི་ཁོ་མོ་མཐོ་འབྲིང་གི་བོད་སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རྟོགས་བྱུང་སྟེ། གཅིག་ནས་མཐོ་འབྲིང་སློབ་མ་ཕལ་ཆེ་བས་མཐོ་འབྲིང་གི་ཆུ་ཚད་དང་མཐུན་པའི་རྩོམ་ཡིག་ཅིག་འབྲི་མ་ཤེས་པ་ནས་རྩོམ་འབྲིའི་ཆུ་ཚད་དང་སྤུས་ཚད་གང་འཚམ་ལྡན་པའི་རྩོམ་ཡིག་འབྲི་རིང་གི་དཔེ་ལྟ་ས་ཡག་པོ་ཞིག་ཡིན་པས་དང་། དེ་བཞིན་ཡིག་རྒྱུགས་སྐབས་རྩོམ་ཡིག་བདེ་བླག་འབྲི་ཐུབ་པ་མ་ཟད། སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་དགའ་ཞེན་དང་སྤྲོ་སྣང་སྐྱེད་སྲིང་ཐུབ་ནས། བོད་སྐད་ཡིག་ནས་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་ཆུང་ཆུང་མང་པོ་གསོ་སྐྱོང་བྱེད་ཐུབ་པས་ཡིན། གཉིས་ནས་སློབ་མས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་ཞེས་པའི་རྩོམ་རིག་གི་གར་སྟེགས་དེར་རྒྱུས་མངའ་བྱུང་སྟེ། རང་ཉིད་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་རེ་ཟུང་ཚགས་པར་དེའི་ཐོག་སྤེལ་ཨེ་ཐུབ་ལ་འབད་ངེས་ཡིན་པ་དང་། གལ་ཏེ་སློབ་མ་སོ་སོས་བྲིས་པའི་བརྩམས་ཆོས་ཚགས་པར་ཐོག་སྤེལ་ཐུབ་ཚེ། སློབ་མར་སྐུལ་ལྕག་ཆེན་པོ་ཐེབས་ནས། སློབ་མ་རྣམས་གསར་རྩོམ་གྱི་ལམ་དུ་མུ་མཐུད་ཞུགས་ཏེ། ནང་དོན་དང་རྣམ་པ་གང་ཐད་ནས་བརྗོད་ཀྱང་། སྤུས་ཚད་དེ་བས་ལེགས་པའི་བརྩམས་ཆོས་མང་པོ་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་འབྲི་བར་རྨང་གཞི་བརྟན་པོ་འདིང་ཐུབ་པ་ཡིན།

    མདོར་ན། ཁོ་མོས་བོད་སྐད་ཡིག་སློབ་ཁྲིད་བྱེད་སྐབས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་དགའ་ཚལ་ཞེས་པ་དེ་སློབ་མར་ངོ་སྤྲོད་བྱེད་དགོས་དོན་ནི། གཅིག་ནས་པར་ངོས་དེར་འཁོད་པའི་རྩོམ་ཡིག་མང་པོ་ཞིག་ནི་མཐོ་འབྲིང་སློབ་མས་བྲིས་པ་ཡིན་སྟབས། གལ་ཏེ་རང་མཉམ་སློབ་མས་བྲིས་པའི་རྩོམ་ཡིག་སློབ་མ་གཞན་པར་ལྟ་ཀློག་བྱེད་དུ་བཅུག་ན། ན་མཉམ་སློབ་མ་ཕན་ཚུན་གྱི་མཐོང་སྣེ་དང་བསམ་གཞིག་བྱེད་སྟངས་ཕལ་ཆེར་གཅིག་མཚུངས་ཡིན་སྟབས། སློབ་མས་དེ་བས་ལྟ་འདོད་ཅིང་ཀློག་སྤྲོ་བའི་ཁྱད་ཆོས་ལྡན་པས་དང་། གཞན་ཡང་། སློབ་མའི་རྩོམ་ཡིག་ཁྲོད་ནང་དོན་གབ་སྦས་རང་བཞིན་ཆེན་པོ་མེད་པས་སློབ་མས་དང་ལེན་བྱེད་སླ་བ་དང་། ཚིག་སྦྱོར་ཐད་ནས་མངོན་བརྗོད་དང་བརྡ་རྙིང་སོགས་རྒྱན་གྱིས་བཅིངས་མེད་སྟབས། རྩོམ་རིག་གསར་རྩོམ་གྱི་ལས་ལ་ཐོག་མར་ཞུགས་མཁན་གྱི་སློབ་མར་མཚོན་ན། རྩོམ་དཔེ་ལྟ་ས་ཡག་པོ་ཞིག་ཡིན་པས་སོ།།

    (ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ། སྒྲོན་མཚོ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།