དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • གཞི་རིམ་ལོ་ཙཱ་བས་ཡིག་སྒྱུར་ལག་ལེན་ཁྲོད་དོ་སྣང་བྱེད་དགོས་པའི་གནད་དོན་གཉིས་ལ་མདོ་ཙམ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    ལོ་ཙཱའི་བྱ་གཞག་ནི་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་རྣམས་རང་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་མི་རིགས་གང་དེའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་བྱ་བ་ཞིག་དང་། ཡང་སྒོས་རྒྱ་བོད་གསར་འགྱུར་ལོ་ཙཱ་ནི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། དེ་བཞིན་དཔལ་འབྱོར་དང་། རིག་གནས། སློབ་གསོ་ལ་སོགས་པའི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་རྣམས་ཞིང་འབྲོག་མང་ཚོགས་ལ་གོ་བདེའི་ལམ་ནས་ངོ་སྤྲོད་བྱེད་པའི་བྱ་བ་ཞིག་ཀྱང་རེད། ཡིན་ནའང་གཞི་རིམ་གྱི་རྒྱ་བོད་ལོ་ཙཱ་བའི་རིག་གནས་ལ་ཆུ་ཚད་རབ་འབྲིང་ཐ་གསུམ་ཡོད་པས་ལག་ལེན་ཁྲོད་དུ་གནད་དོན་མི་ཉུང་བ་ཞིག་ཐོན་དང་འཐོན་མུས་ཡིན། དེས་ན་ཁོ་བོས་དྲན་སྐུལ་ཚུལ་དུ་གནད་དོན་གཉིས་ལ་མདོ་ཙམ་དཔྱད་པར་བྱའོ།

    དང་པོ། འཕྲུལ་ཆས་ཡིག་སྒྱུར་གྱི་བསྒྱུར་ལ་ཞུ་དག་ཉུང་དྲགས་པའི་གནད་དོན།

    འཕྲུལ་ཆས་ཡིག་སྒྱུར་ནི་རྒྱ་བོད་ལོ་ཙཱའི་བྱ་བར་འཇུག་པར་ལས་ཆོད་ཆེ་རུ་གཏོང་བའི་རམ་འདེགས་ཀྱི་ལག་ཆ་ཙམ་ལས། ད་ལྟའི་ཆར་སྒྱུར་བྱེད་བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་ཡིག་སྲོལ་སོགས་དང་ཡོངས་སུ་མཐུན་ནས་མ་ཡིག་གི་བརྗོད་བྱའི་ནང་དོན་ཇི་བཞིན་དུ་སྒྱུར་ཐུབ་པའི་ཆུ་ཚད་ཞིག་ཏུ་སླེབས་མེད། དེས་ན་གཞི་རིམ་གྱི་ལོ་ཙཱ་བས་ཡིག་སྒྱུར་ལ་འཇུག་སྐབས་བསྒྱུར་བྱའི་མ་ཡིག་གི་མིང་དང་། ཚིག་དང་བརྗོད་པ་གྲུབ་སྟངས་བཅས་ལ་ཉམས་ཞིབ་ནན་ཏན་བྱས་ཏེ། སྒྱུར་བྱེད་བོད་ཡིག་དེ《སྒྲ་སྦྱོར་བམ་གཉིས》ལས་བསྟན་པ་ཇི་བཞིན“ཆོས་བསྒྱུར་བའི་ལུགས་ནི་དོན་དང་མི་འགལ་ཞིང་བོད་སྐད་ལ་ཡང་གོ་བདེ་བར་གྱིས་ཤིག”ཅེས་པའི་རྩ་དོན་དང་ཡོངས་སུ་མཐུན་པར་འབད་དགོས། དེ་བས་ལས་སླ་བཅོས་ཁོ་ནས་སྒྱུར་ཞུས་མ་བྱས་པར་ཐད་ཀར་འཕྲུལ་ཆས་ཀྱིས་བསྒྱུར་བ་བཞིན་བཞག་པ་ཡིན་ན། མ་ཡིག་ཏུ་སྟོན་པ་ཇི་བཞིན་སྒྱུར་མི་ཐུབ་ལ། “སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་བསྟན་དོན་ཇི་མ་ཇི་བཞིན་དང་། འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ཏུ་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱེད་སྒོ་དེ་ལོ་ཙཱ་ཡིན”ཟེར་བའི་མཚན་ཉིད་བརླགས་ནས། མ་ཡིག་མི་ཤེས་པའི་ཀློག་པ་པོ་ལ་བསྒྱུར་ཡིག་ཁོ་ནའི་ལམ་ནས་མ་ཡིག་གི་བསྟན་དོན་ཇི་བཞིན་རྟོགས་མ་ཐུབ་པའི་སྐྱོན་ཐོན་འོང་།

    གཅིག མ་ཡིག་གི་དོན་ཇི་མ་ཇི་བཞིན་སྒྱུར་མི་ཐུབ་པ།

    དེ་ཡང“སྤྱིར་སྒྲ་དང་ཐ་སྙད་གང་ལ་ཡང་སྤྱིར་བཏང་གི་མཚོན་དོན་དང་གནས་སྐབས་ཀྱི་མཚོན་དོན་གཉིས་རེ་ཡོད”ཅེས《བརྡ་སྤྲོད་རིག་པའི་དོན་འགྲེལ》ལས་བསྟན་པ་ལྟར། ཐ་སྙད་ལ་སྒྲ་དོན་ཕུད་པའི་མཚོན་དོན་སོགས་མང་པོ་ཡོད་པས་རྒྱ་བོད་ལོ་ཙཱ་བས“སྨྱུ་གུ་མ་བཙུགས་གོང་བསྒྱུར་བྱའི་མ་ཡིག་ལ་ལྟ་ཀློག་ནན་ཏན་བྱས་ཏེ་མ་ཡིག་གི་དངོས་བསྟན་གྱི་བརྗོད་དོན་དང་། ཤུགས་བསྟན་གྱི་གོ་དོན། གོང་འོག་ཚིག་དོན་དབར་གྱི་འབྲེལ་བ། བརྗོད་བྱའི་རྣམ་པ། རྩོམ་གྱི་ཉམས་འགྱུར་སོགས་མ་ཡིག་གི་ཁྱད་ཆོས་དང་བསྟན་དོན་རྣམས་ཇི་བཞིན་ཁོང་དུ་ཆུད་པར་བྱ་རྒྱུ”དེ་སྔོན་འགྲོའི་རྨང་གཞིར་བཟུང་ཐོག སྒྱུར་བྱེད་བོད་ཡིག་གི་བརྡ་སྤྲོད་ལམ་ནས་བསྒྱུར་བྱ་མ་ཡིག་གི་བསྟན་དོན་ཇི་བཞིན་འཆོལ་མེད་དུ་ཕབ་སྒྱུར་བྱེད་དགོས། འོན་ཀྱང་འཕྲུལ་ཆས་ཡིག་བསྒྱུར(གཤམ་ལ་འཕྲུལ་ཆས་ཞེས་བསྡུ་རྒྱུ)གྱིས་སྤྱིར་བཏང་གི་སྒྲ་དོན་ཙམ་ལས་གནས་སྐབས་ཀྱི་མཚོན་དོན་དེ་སྒྱུར་མ་ཐུབ་རྐྱེན་མ་ཡིག་ཏུ་སྟོན་པ་ཇི་བཞིན་སྒྱུར་ཐུབ་ཀྱི་མེད་པ་དཔེར་ན། རྒྱ་ཡིག་གི“全世界找不出第二个”ནང་གི “找不出第二个”དེས་དཀོན་པའམ་ཉུང་ཉུང་ཡིན་པའི་དོན་ཤུགས་སུ་སྟོན་པས“འཛམ་གླིང་ན་གཅིག་ལས་མེད”ཅེས་བསྒྱུར་དགོས་ཀྱང་། འཕྲུལ་ཆས་ཀྱིས“འཛམ་གླིང་ན་གཉིས་པ་ཡོད་མི་སྲིད”ཅེས་བསྒྱུར་བས་རྒྱ་ཡིག་མི་ཤེས་པའི་ཀློག་པ་པོར་འཛམ་གླིང་ན་ཨང་གཉིས་པ་མེད་པའི་གོ་འཛོལ་བཟོ་སྲིད། རྒྱ་ཡིག་གི“这样办的很经济,可以减轻人民的负担”ནང་གི“很经济”ཞེས་པ“འགྲོ་སོང་ཆུང་བའི”དོན་ཡིན་ཡང་། འཕྲུལ་ཆས་ཀྱིས“འདི་ལྟ་བུའི་དཔལ་འབྱོར་གྱིས་མི་དམངས་ཀྱི་ཁུར་པོ་ཡང་དུ་གཏོང་ཐུབ”ཞེས་པར་སྒྱུར་ཡོང་གི་ཡོད་པ་ལྟ་བུ་མང་པོ་ཡོད།

    གཉིས། སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་དང་ཡིག་སྲོལ་འཁྲུགས་འགྲོ་བ།

    དེ་ཡང ་རྒྱ་བོད་སྐད་ཡིག་གི་སྐད་རིགས་སོ་སོའི་བརྡ་སྤྲོད་པའི་རིག་ལམ་མི་གཅིག་པ་དང་། བརྡ་སྤྲོད་ལུགས་མི་འདྲ་བས་རྒྱ་བོད་ཡིག་སྒྱུར་ལས་ལ་འཇུག་པའི་སྐབས་རྗོད་བྱེད་བོད་ཡིག་གི་ཚིག་སྦྱོར་དེ་བོད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་ཞིང་གནད་ལ་འཚམ་པ་དང་། བརྗོད་བྱའི་ནང་དོན་མ་ཡིག་དང་གཅིག་མཚུངས་དགོས་ངེས། ཡིན་ནའང་འཕྲུལ་ཆས་ཀྱི་བསྒྱུར་བཞིན་ཐད་སྒྱུར་བྱས་ན་སྐད་ལུགས་ཡ་མ་གཟུགས་སུ་གྱུར་ནས་གོ་མི་ཐུབ་པ་དཔེར་ན། མ་ཡིག་གི་ཟློས་ཚིག“想想” “试试” “学习学习” “批评批评”ལ་བུ་ཡིག་གི་སྐད་འགྲོས་བཞིན་བསྒྱུར་ན“བསམ་བློ་གཏོང་གིན་གཏོང་གིན” “ཚོད་ལྟ་བྱེད་ཀྱིན་བྱེད་ཀྱིན” “སློབ་སྦྱོང་བྱེད་ཀྱིན་བྱེད་ཀྱིན” “སྐྱོན་བརྗོད་བྱེད་ཀྱིན་བྱེད་ཀྱིན”ཞེས་པ་ལྟ་བུར་བསྒྱུར་དགོས་ཀྱང་། འཕྲུལ་ཆས་ཀྱིས“བསམ་བློ་བཏང་བསམ་བློ་བཏང” “ཚོད་ལྟ་ཚོད་ལྟ” “སློབ་སྦྱོང་སློབ་སྦྱོང” “སྐྱོན་བརྗོད་སྐྱོན་བརྗོད”ཅེས་སུ་བསྒྱུར་བ་དང་། རྒྱ་ཡིག་གི“光盘行动 ,从我做起”ལ་དེ་བོད་སྐད་དུ“རང་ཉིད་ནས་འགོ་བརྩམས་ཏེ་སྡེར་མའི་ནང་གི་ཟ་མ་གཙང་མ་ཟོ་ཞིག”ཅེས་བསྒྱུར་དགོས་ཀྱང་། འཕྲུལ་ཆས་ཀྱིས“འོད་སྡེར་གྱི་བྱ་སྤྱོད། ང་ནས་འགོ་བརྩམས”ཞེས་རྒྱའི་ཚིག་རྐང་བཞིན་བསྒྱུར་བས་རྒྱ་མིན་བོད་མིན་གྱི་སྐད་ཡ་མ་ཟུང་ལྟ་བུ་མང་པོ་ཡོང་བཞིན་ཡོད་དོ།

    གསུམ། སྒྱུར་བྱེད་སྐད་ཀྱི་ཁྱད་ཆོས་བརླགས་འགྲོ་བ།

    དེ་ཡང་འཕྲིན་ལས་ཆོས་གྲགས་ལགས་ཀྱིས“ལོ་ཙཱ་བ་ཚད་ལྡན་ཞིག་ལ་མཚོན་ན་མ་མཐར་སྐད་རིགས་གཉིས་ལ་བྱང་ཆུབ་པས་མི་ཚད་རིགས་གཉིས་པོ་སོ་སོའི་གཞི་རྟེན་རིག་གནས་ཤེས་རྟོགས་དགོས་པ་དང་། དེ་གཉིས་ལས་བསྟན་པའི་རིག་གནས་མཚོན་དོན་གྱི་ཁྱད་པར་ལའང་རྒྱུས་ཞིབ་དགོས”ཞེས་པ་ལས་རྒྱ་བོད་ལོ་ཙཱའི་བྱ་བར་འཇུག་པར། མི་རིགས་སོ་སོའི་རིག་གནས་ཤེས་རྟོགས་བྱེད་རྒྱུར་སྣང་ཆེན་བྱེད་དགོས། མ་ཡིག་གི“六六大顺” “幸福九九” “两全其美”ཨང་གྲངས་ཀྱི་བསྟན་དོན་ངོ་མ་ལ་ཅི་བསམ་དོན་གྲུབ་དང་། བརྩེ་བ་འགྱུར་མེད། རྟེན་འབྲེལ་ཉིས་བརྩེགས་ཞེས་པ་བཀྲ་ཤིས་པའི་དོན་དུ་ཡིན་ཀྱང་། འཕྲུལ་ཆས་ཀྱིས“དྲུག་དྲུག་བདེ་བླག”“བདེ་སྐྱིད་དགུ་དགུ”“གཉིས་ཀ་བཟང་པོ”ཞེས་བསྒྱུར་ནས་བོད་སྐད་དུ་དོན་གང་ཡང་མི་མཚོན་པའི་ཚིག་ཚོགས་ཤིག་ཡོང་གི་ཡོད། “农业丰收、牧业丰收、鱼业丰收”ཞེས་པ་ལ་བོད་སྐད་དུ་ཞིང་ལས་ལ་ལོ་ཏོག་བྱུང་བ་དང་། འབྲོག་ལས་ལ་དཀར་ཆུ་བཟང་བ། ཉ་ལས་ལ་ཐོན་འབབ་ཡག་པ་ཞེས་འབོད་སྲོལ་ཡོད་ཀྱང་། འཕྲུལ་ཆས་ཀྱིས“ཞིང་ལས་ལ་ལོ་ཏོག་བྱུང་བ་དང་། འབྲོག་ལས་ལ་ལོ་ཏོག་བྱུང་བ་། ཉ་ལས་ལ་ལོ་ཏོག་བྱུང་བ”ཞེས་བསྒྱུར་བས། བོད་སྐད་ཀྱི་ཁྱད་ཆོས་ཉམས་འགྲོ་བས། ལོ་ཙཱའི་བྱ་བར་འཇུག་པའི་བརྒྱུད་རིམ་ནང་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་བརྗོད་དོན་མཚོན་ཚུལ་ལ་རྟོག་ཞིབ་མ་བྱས་པར་རྗོད་བྱེད་ཚིག་འགྲོས་སུ་བསྙེགས་ཏེ་ཇི་བཞིན་ཕབ་སྒྱུར་བྱས་ན་མ་ཡིག་གི་བརྗོད་དོན་མཚོན་པ་དཀའོ།

    གཉིས་པ། བཀས་བཅད་ཀྱི་ཐ་སྙད་ལ་སྲུང་བརྩི་དང་ལག་བསྟར་བྱེད་རྒྱུ་མི་འདང་བའི་གནད་དོན།

    བཀས་བཅད་ཐ་སྙད་ལ་སྲུང་བརྩི་ཡག་པོ་ཞུ་རྒྱུ་ནི་གལ་འགངས་ཆེ་ཞིང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་ཡིན་ཏེ། དེས་རྒྱ་ཆེའི་ཀློག་པ་པོས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་སོགས་མ་ནོར་བ་དང་། མ་འཁྲུགས་པ། ཡང་དག་པར་གོ་བ་ལོན་ནས་མི་རིགས་ཕན་ཚུན་དབར་བསམ་བློའི་འདུ་ཤེས་བརྗེ་རེས་ཀྱི་ལག་ཆ་ཞིག་ཏུ་འགྱུར་ངེས། དེར་བརྟེན་གཞི་རིམ་ཡིག་སྒྱུར་བས་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་དགོས། དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས“ལོ་ཙཱ་བ་དུ་མས་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་གྱུར་རོ”ཞེས་པའི་ལེགས་བཤད་རྨ་མེད་པ་རྣམས་གཙིགས་ཆེར་བཟུང་ཞིང་། དེ་དག་ལ་ཐོས་བསམ་དང་ལག་ལེན་དུ་མ་འཁྲུལ་བ་བྱེད་དགོས་ངེས་ཤིག་ཡིན་མོད། གཞི་རིམ་གྱི་ལོ་ཙཱ་བ་ཁ་ཤས་ཀྱིས་བཀས་བཅད་པའི་ཐ་སྙད་ལ་གཞི་མི་འཛིན་པར་རང་གི་ས་ན་རང་ཉིད་ཆེ་བའི་དཔེ་ལྟར་རང་འཚམ་གྱིས་བཟོ་བཅོས་དང་། འོལ་ཚོད་ཀྱིས་བསྒྱུར་བས་ཐ་སྙད་གཅིག་གྱུར་དང་། བཀས་བཅད་པའི་ཐ་སྙད་གསར་པ་ཁྱབ་གདལ་དུ་གཏོང་བའི་བྱ་བར་བཀག་རྡོའི་ཚུལ་དུ་འགྲོ་བཞིན་ཡོད་དེ་དཔེར་ན། རྒྱ་ཡིག་གི“人工智能”ལ“མི་ཐབས་རིག་ནུས”དང་། “མི་བཟོས་རིག་ནུས” “བློ་གྲོས་ལྡན་པའི་འཕྲུལ་འཁོར” “རྩོལ་བྱུང་རིག་ནུས” “རིག་ནུས་འཕྲུལ་ཆས”སོགས་པའི་དངོས་པོ་གཅིག་ལ་ཐ་སྙད་རྣམས་གྲངས་མང་པོ་བསྒྱུར་བས། ཀློག་པ་པོར་ཚད་འཛིན་སའི་མིང་ཚིག་མེད་པའི་དབང་གིས་འཁྲུལ་སྣང་བྱུང་དང་འབྱུང་བཞིན་ཡོད། དེ་བཞིན་རྒྱ་ཡིག་གི“法人”ལ“ཁྲིམས་ཚན”ཞེས་བཀས་བཅད་ཡོད་ཀྱང་། ལོ་ཙཱ་བ་ཁ་ཤས་ཀྱིས་རང་འདོད་ལྟར“ཁྲིམས་མི” “ཁྲིམས་ལུགས་ཀྱི་མི་སྣ”ཞེས་བསྒྱུར་བས། མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་ཐུབ་མེད་པའི་དབང་གིས་ཁྲིམས་ལུགས་ཀྱི་འགན་འཁྲི་དང་ཁེ་དབང་གི་བདག་པོ་གསལ་པོ་མེད་པར་འགྱུར་འགྲོ་གི་ཡོད། དེར་བརྟེན་ལོ་ཙཱ་བས་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཐ་སྙད་གསར་པ་དང་། ཚིག་ཐུང་གསར་པ་ལ་བཀས་བཅད་ཇི་ལྟར་མཛད་པ་དེ་ལྟར་ལག་བསྟར་བྱས་ན་ཐ་སྙད་གཅིག་གྱུར་དང་བསམ་བློ་སྤེལ་རེས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཕན་འབྲས་ཆེ་བར་སེམས་སོ།

    (གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆོས་དབང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།