དམངས་ཀྱི་བདེ་ཐང་བརྟན་པོར་སྲུང་། འགན་སྒྲུབ་ཇུས་འབུལ་གཟི་དཔལ་ངོམས།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་སྒྲོལ་མའི་སྐོར་བཀོད་པ།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང(ད་ཆའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ)གི་བོད་ལུགས་གསོ་རིག་ཆེད་ལས་ནས་སློབ་མཐར་ཕྱིན་པའི་ཉི་མ་སྒྲོལ་མ་སློབ་གྲྭ་ཐོན་རྗེས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་དུ་ལས་བགོས་བརྒྱབ། ད་བར་བོད་ལུགས་གསོ་རིག་ལས་རིགས་ལ་གཞོལ་ནས་བགྲང་བྱ་27ཙམ་འགྲོ་གི་ཡོད། ཁོང་ནི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་བདེན་དཔང་བ་ཞིག་རེད་ལ། ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་འཚར་ལོངས་དང་འཕོ་འགྱུར་གྱི་ལག་ལེན་པ་ཞིག་ཀྱང་རེད།
“ད་ལོའི་ཟླ་བདུན་པའི་ཟླ་དཀྱིལ་དུ་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་སེམས་ཁམས་འཕྲོད་བསྟེན་ཚན་ཁག་གི་སྒོ་བྱང་དངོས་སུ་བཀལ་བ་རེད། ངས་ནད་བཅོས་སྲོག་སྐྱོབ་བྱེད་རིང་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་མང་པོར་བདེན་དཔང་བྱས་པ་མ་ཟད། དེའི་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང”ཞེས་ཉི་མ་སྒྲོལ་མས་སྤོབས་པ་ཆེན་པོས་བརྗོད།
མིག་སྔར། ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་དེ་སྲིད་འཛིན་འགན་ནུས་སྡེ་ཚན་12དང་། ནད་ཐོག་ཚན་ཁག་14 སྨན་བཅོས་ལག་རྩལ་རམ་འདེགས་ཚན་ཁག་8བཅས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་དུ་གྱུར་ཡོད། དེའི་ནང་སྙིང་ཁམས་ཁྲག་རྩའི་ཚན་ཁག་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན་ཡིན་པ་དང་། རྒས་ནད་ཚན་ཁག་དང་ལུམས་བཅོས་ཚན་ཁག་ནི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ཚན་ཡིན་པ། སེམས་ཁམས་འཕྲོད་བསྟེན་ཚན་ཁག་ནི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ཚན་སྐྱེད་སྲིང་རྣམ་གྲངས་རེད།
“སྲིད་གྲོས་ཨུ་ཡོན་ནི་མི་དམངས་སྲིད་གྲོས་ལས་དོན་གྱི་བྱེད་པོ་དང་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་རེད”ཅེས་ཉི་མ་སྒྲོལ་མས་བརྗོད་པ་དང་། ཁོང་གིས། སྲིད་གྲོས་ཨུ་ཡོན་དང་ཁོང་གི་རང་འཁྲིའི་ལས་ཀ་གཅིག་རམ་གཅིག་འདེགས་ཡིན་པའི་ངོས་འཛིན་བྱེད་པ་དང་། “ལས་ཀ་བྱེད་སྐབས་ངས་མང་ཚོགས་ཀྱི་ས་ནས་ཁོང་ཚོའི་བསམ་ཚུལ་དང་འདུན་པ་ཤེས་རྟོགས་ཐུབ་པ་དང་། འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ངས་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་གྲོས་གཞིའི་ནང་བྲིས་ནས་སྲིད་གྲོས་ལ་ཕུལ་ཆོག་པ་མ་ཟད། དེ་དག་ཐག་གཅོད་འོས་འཚམ་ཡོང་བར་སྐུལ་འདེད་ཀྱང་གཏོང་ཆོག”ཅེས་བརྗོད།
ད་ལོའི་ལོ་སྟོད་ཀྱི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཉི་མ་སྒྲོལ་མས《ལས་ཀ་རག་མེད་པའི་གསོ་རིག་ཆེད་ལས་ཀྱི་སློབ་གྲྭ་ཆེ་མོ་བ་གྲོང་ཚོའི་སྨན་པའི་དཔུང་ཁག་ནང་ཁ་གསབ་བྱེད་རྒྱུའི་སྐོར》གྱི་གྲོས་གཞི་ཕུལ་བ་རེད། གྲོང་གསེབ་ཀྱི་སྨན་པ་ནི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཞིག་རེད། ཁོང་གིས། གྲོས་གཞི་འདིས་སློབ་གྲྭ་ཆེ་མོ་བ་ཁག་གཅིག་ལ་ལས་ཀ་རག་ཐུབ་ལ། གཞི་རིམ་གྱི་ནད་བརྟག་སྨན་བཅོས་ལ་འཇོན་ཐང་ཆེ་རུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་བཅས་བརྗོད།
འབྲེལ་ཡོད་གསར་འགྱུར།