ནག་ཆུ་གྲོང་ཁྱེར་གྱི་མི་འབོར་གྱི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ།

འདི་ལོའི་དུས་ཚིགས་དང་པོར་ནག་ཆུ་གྲོང་ཁྱེར་གྱིས་མི་འབོར་གྱི་བདེ་ཐང་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ཞིང་། འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་སྨན་ཁང་གི་སྨན་དོན་པས་སྔ་བཙས་ཕྲུ་གུར་སྐྱོབ་བཅོས་བྱེད་བཞིན་པ།
གསར་འགོད་པར་ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་ནག་ཆུ་གྲོང་ཁྱེར་གྱིས་མི་འབོར་གྱི་བདེ་ཐང་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ཞིང་། དམངས་ཕན་བྱ་ཐབས་ཁག་གཅིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ནག་ཆུ་གྲོང་ཁྱེར་གྱི་རྨང་རྩ་གཉིས་བརྟན་དུ་ཕྱིན་ཞིང་། གྲོང་ཁྱེར་དེའི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་བསྡོམས་152ཟིན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་རགས་ཙམ་ཆགས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་གི་སྤུས་འབོར་གཉིས་ཀ་མཐོ་རུ་ཕྱིན་ཞིང་། སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་པ་3145ནས་3911བར་མང་དུ་ཕྱིན་པ་དང་མི་སྟོང་རེར་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་གྲངས་5.9ནས་7.4བར་མང་དུ་ཕྱིན་པ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་ཞིང་། རིམས་ནད་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཁང་7ནས་18བར་མང་དུ་ཕྱིན་པ་དང་། ཞིབ་དཔྱད་ཚད་ལེན་གྱི་རྣམ་གྲངས་83ནས་164བར་མང་དུ་ཕྱིན་པ། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་པའི་བསྡོམས་གྲངས་2023ལོའི་77%ནས་96.43%བར་མཐོ་རུ་ཕྱིན་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་སྦྲུམ་མ་དང་བྱིས་པའི་བདེ་ཐང་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་ཚད་99.87%ཟིན་པ་དང་། ཕྲུ་གུ་དམར་འབྱར་གྱི་ནད་གཞི་དབྱེ་བཤེར་བྱེད་ཚད་98.37%ཟིན་པ། ཕྲུ་གུ་མ་སྐྱེས་གོང་དབྱེ་བཤེར་བྱེད་ཚད་96.99%ཟིན་པ། ལོ་0ནས་18བར་གྱི་ན་སོ་དར་ལ་མ་བབས་པའི་མིར་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་དབྱེ་བཤེར་བྱེད་ཚད་11265ཟིན་པ་དང་སྐྱོབ་བཅོས་བྱེད་ཚད་11ཟིན་པ། 2026ལོར་བུ་གསོའི་ཁ་གསབ་དངུལ་སྒོར་ཁྲི་1112.91སྤྲད་པ་དང་མི་3657ལ་ཕན་པ་ཐོབ་ཡོད།
རྒྱུན་འཛིན་དང་གསར་གཏོད་བྱེད་རིང་བོད་ལུགས་གསོ་རིག་ཞབས་ཞུའི་ལས་དོན་གྱི་གསོན་ཤུགས་འཕེལ་ཡོད་ལ་སྤུས་ཚད་མཐོ་རུ་དང་གཞི་རྒྱ་ཆེ་རུའང་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནག་ཆུ་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། བོད་ལུགས་གསོ་རིག་དེ་ཉིད་རིམས་ནད་སྔོན་འགོག་དང་། སྨན་བཅོས། བདེ་ཐང་སླར་གསོ། བདེ་ཐང་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོའི་དུས་ཚིགས་དང་པོར་བོད་ལུགས་གསོ་རིག་གི་མཚན་མོའི་སྒོ་བསྟེན་སྨན་ཁང་གི་ཁྱད་ལྡན་སྨན་བཅོས་ཞབས་འདེགས་ཞུས་པ་ནད་པའི་བློ་ལ་བབ་ཚད་98%ཡན་ཟིན་པ་དང་། གྲོང་ཁྱེར་དེས་བོད་སྨན་སྣ་ཁ་68དང་སྤྱི་རྒྱ་6311.25བཟོས་ཏེ་རྫོང་དང་ཤང་རིམ་པ་གཉིས་སུ་བོད་སྨན་ཡོངས་སུ་ཁྱབ་པའི་འགན་ལེན་བྱས་ཡོད།
སེམས་ཁམས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ཞན་ཆ་མགྱོགས་མྱུར་བསལ་ཞིང་། འདི་ལོ་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་11ཚང་མར་སེམས་ཁམས་འཕྲོད་བསྟེན་ཁོའོ་བཙུགས་པའི་ནང་རྫོང་7ལ་གཉིད་ཡེར་སྒོ་བསྟེན་སྨན་བཅོས་ཁང་བཙུགས་པ་དང“ཀྲེ་ཅང—ནག་ཆུ་རྒྱང་བརྟེན་སེམས་ཁམས་འཕྲོད་བསྟེན་ལྟེ་གནས”ལ་བརྟེན་ནས་རིན་མེད་རྒྱང་བརྟེན་ནད་བརྟག་སྨན་བཅོས་བྱས་པ་དང་ཆབས་ཅིག སྨན་དོན་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལྗོངས་ཕྱི་ནང་གི་སེམས་ཁམས་འཕྲོད་བསྟེན་གྱི་འབྲེལ་ཡོད་གསོ་སྦྱོང་ལའང་ཞུགས་ཡོད།
འབྲེལ་ཡོད་གསར་འགྱུར།