ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་ས་ཚིགས་དང་གཅེས་སེམས་སྒྲིག་གཞིས་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་ས་ཚིགས་ཀྱིས་མཱེ་གཉེན་ལྷ་ས་བདེ་ཐང་ཆེ་མོའི་བརྟག་དཔྱད་ལྟེ་གནས་དང་མཉམ་དུ“དབང་སྐྱོན་ཚོགས་སྤྱིར་གཅེས་སྐྱོང་བྱེད། བདེ་ཐང་སྲུང་སྐྱོང་ལས་ལ་གཞོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཞིང་། དབང་པོ་སྐྱོན་ཅན་30ལ་ལས་དོན་པའི་རམ་འདེགས་འོག་རིན་ཐང་བསྡོམས་འབོར་སྒོར་38550རི་བའི་གཟུགས་པོ་ཕྱོགས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་དང་ལེན་བྱས་པ་དང་། འགྲོ་སོང་ཚང་མ་བརྟག་དཔྱད་ལྟེ་གནས་ཀྱིས་ཆག་ཡང་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གཟུགས་པོའི་བརྟག་དཔྱད་རྣམ་གྲངས་ནང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་གཟུགས་པོ་ཕྱོགས་ཡོངས་དང་དམིགས་སའི་རང་བཞིན་ཆེ་བའི་བརྟག་དཔྱད་བྱ་ཐབས་བཀོད་སྒྲིག་བྱས་ཡོད། དབང་པོ་སྐྱོན་ཅན་ལ་ཐོན་མང་བའི་གཅོང་ནད་དང་རྨང་གཞིའི་ནད་ལ་གཙོ་བོར་དམིགས་ནས་ཆེད་དོན་དབྱེ་བཤེར་བྱས་ཏེ། བརྟག་དཔྱད་ནང་ཞུགས་མཁན་མི་རེ་ངོ་རེར་གཟུགས་པོ་ཕྱོགས་ཡོངས་དང་ཆེད་ལས་ཅན་གྱི་བདེ་ཐང་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་རེད།
བརྟག་དཔྱད་བྱ་ཡུལ་དུ་སྨན་དོན་མི་སྣས་གཟབ་ནན་དང་ཆེད་ལས་ཀྱི་ཐོག་ནས་བརྟག་དཔྱད་ཀྱི་བརྒྱུད་རིམ་ཁག་ལེགས་སྒྲུབ་བྱས་པ་མ་ཟད། ཁོང་ཚོར་རིན་མེད་ཀྱི་འཚོ་བཅུད་ཞོགས་ཟས་ཀྱང་སེམས་རྩ་འཁོལ་པོས་གྲ་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་མི་རེ་ངོ་རེའི་གཟུགས་པོའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་གཅིག་ལ་གཅིག་གཏད་ཀྱི་སྒོ་ནས་རང་སོའི་ཁྱད་ཆོས་ལྡན་པའི་བདེ་ཐང་མཛུབ་ཁྲིད་དང་ཆེད་ལས་དྲག་སྐྱེད་ཀྱི་གྲོས་འགོ་བཏོན་པ་དང་། བདེ་ཐང་གི་དོགས་གཞི་སྣ་ཚོགས་ལ་ངང་རྒྱུད་རིང་ལ་ཞིབ་ཚགས་པོའི་སྒོ་ནས་ལན་བཏབ་པ། སེམས་གསོ་དུས་ཐོག་ཏུ་བྱས་པ། གཅེས་སེམས་ལྡན་པའི་ཞབས་ཞུར་བརྟེན་ནས་མི་ཆོས་ལམ་ནས་སེམས་ཁུར་མཚོན་པ་བཅས་བྱས་པ་མ་ཟད། གཟུགས་པོའི་བརྟག་དཔྱད་ཀྱི་བརྒྱུད་རིམ་ཡོངས་བདེ་འཇགས་དང་གོ་རིམ་ལྡན་ལ་སེམས་རྩ་འཁོལ་པོ་ཡོང་བར་བྱས་པ་རེད།
ད་རེས་ཀྱི་གཟུགས་པོའི་བརྟག་དཔྱད་བྱེད་སྒོ་ལས་དབང་པོ་སྐྱོན་ཅན་གྱི“གཟུགས་པོ་བརྟག་དཔྱད་བྱེད་དཀའ་བ་དང་། འགྲོ་སྐྱོད་དཀའ་བ། སྨན་བཅོས་རིན་གོང་མཐོ་བ”བཅས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་ནས། དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།