དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བྱམས་སེམས་ཆེན་པོས་སློབ་མ་བསྐྱངས། སྐལ་བཟང་མེ་ཏོག་རབ་ཏུ་མཚར།

    ཁྲུང་ཆིང་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་ཆབ་མདོ་ཡན་ལག་རུ་ཁག་གི་སློབ་སྐྱོར་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    འདི་ནི་སྐབས་27པའི་ཀྲུང་གོའི་ན་གཞོན་དང་བླངས་པ་ཁྲུང་ཆིང་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་ཆབ་མདོའི་ཡན་ལག་རུ་ཁག་ཡིན་པ།

    འདི་ནི“ཁྲུང་ཆིང་དང་ཆབ་མདོའི་གཞོན་ནུ་ལོ་ཆུང་གཅིག་སེམས་གཅིག་སྦྲེལ”གྱི་འཕྲིན་ཡིག་གཏོང་རེས་བྱས་པའི་འཕྲིན་ཡིག་ཁག་གཅིག་ཡིན་པ།

    འདི་ནི་སློབ་མས་དགེ་རྒན་དུས་ཆེན་ལ་ཕུལ་བའི་སྨོན་ཚིག་ཡིན་པ།

    འདི་ནི་ཝུའུ་ཅ་ལི་ཡིས་སློབ་ཚན་ཁྲིད་བཞིན་པ།

    འདི་ནི་ཞེ་ཀྲི་ཤོན་གྱིས་སློབ་མར་སྦྱོང་ཚན་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་ལན་ཞའོ་ཡུན་གྱིས་སློབ་མར་འདྲི་གཞིར་འགྲེལ་བཤད་རྒྱག་བཞིན་པ།

    (པར་རིས་ཚང་མ་ཁྲུང་ཆིང་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་ཆབ་མདོ་ཡན་ལག་རུ་ཁག་གིས་མཁོ་འདོན་བྱས་པ)

    2025ལོའི་ཟླ་7པར་ལན་ཞའོ་ཡུན་དང་། ཞེ་ཀྲི་ཤོན། ལི་ཞའོ་ཡུས། ཝུའུ་ཅ་ལེ་བཅས་གཞོན་ནུ་བཞི་ཁྲུང་ཆིང་ནས་ཁ་བྲལ་ཏེ་བོད་ཤར་གྱི་ས་གཞི་ཆེ་མོར་བསྐྱོད། ས་བབ་མཐོ་ཚད་སྨི་4334ཡོད་པའི་སྤང་མདའ་གནམ་ཐང་འབབ་ཚུགས་ལ་འབྱོར་སྐབས་ཁོང་ཚོ་བཞི་པོར་ལ་དུག་ཕོག་ནས་མགོ་ཡུ་འཁོར་བ་དང་སྙིང་དབྱུགས་པ་སོགས་ལུས་པོ་མི་བདེ་བའི་ཚོར་སྣང་བྱུང་།

    ལན་ཞའོ་ཡུན་དང་ཞེ་ཀྲི་ཤོན་གྱིས་བྲག་གཡབ་རྫོང་སློབ་འབྲིང་གི་ལོ་རིམ་བདུན་པ་དང་བརྒྱད་པའི་དབྱིན་ཡིག་སློབ་ཚན་ཁྲིད་པ་དང་། ལི་ཞའོ་ཡུས་དང་ཝུའུ་ཅ་ལེ་ཡིས་ལོ་རིམ་བདུན་པའི་སྐྱེ་དངོས་སློབ་ཚན་ཁྲིད། གཟའ་འཁོར་རེར་སློབ་ཚན་74ཡོད་པ་མ་ཟད། འཛིན་གྲྭ་15ཡི་སློབ་མ་780ལྷག་ཙམ་ལ་སློབ་ཁྲིད་བྱེད་དགོས་ཀྱི་ཡོད།

    འཛིན་གྲྭའི་ཕྲུ་གུ་ཚོའི་རྒྱ་ཡིག་གི་རྨང་གཞི་ཆ་མི་སྙོམ་པ་དང་དབྱིན་ཡིག་གི་རྨང་གཞི་ཞན་པས་རྒྱུན་གཏན་གྱི་སློབ་ཁྲིད་བྱེད་སྟངས་ལྟར་ཁྲིད་ན་ཡོང་ཐབས་མེད།

    “སློབ་ཚན་དང་པོ་དེ་ནང་གསེས་ཆུང་ངུ་ཁ་ཤས་སུ་དབྱེ་ནས་པར་རིས་དང་། བྱང་བུ་ཆུང་ངུ་། རོལ་རྩེད་བཅས་ཀྱི་རྣམ་པའི་ཐོག་ནས་སློབ་ཁྲིད་བྱས་པ་ཡིན”ཞེས་ཞེ་ཀྲི་ཤོན་གྱིས་བརྗོད། ཁོང་གིས་དབྱིན་ཡིག་སློབ་ཚན་རོལ་རྩེད་རྣམ་པའི་ཐོག་ནས་ཁྲིད་པས་ཕྲུ་གུ་ཚོས་དབྱིན་ཡིག་ཐ་སྙད་ངག་སྐྱོར་གཏོང་བའི་ཧུར་སེམས་ཆེ་རུ་ཕྱིན་ཡོད།

    རྒན་ལི་ཞའོ་ཡུས་ཀྱིས་སྐྱེ་དངོས་སློབ་ཚན་ལུས་རྩལ་ཐང་དུ་ཁྲིད་ཅིང་། ཁོང་གིས་སྤང་སྟེང་དུ་སྐྱེས་པའི་སྐལ་བཟང་མེ་ཏོག་གི་འགྲམ་དུ་ཙོག་པུར་བསྡད་ནས་མེ་ཏོག་ལ་མཛུབ་མོ་བཙུགས་ཏེ“ཁྱོད་ཚོ་ལྟོས་དང་། མེ་ཏོག་ཉི་མར་ཁ་གཏད་དོན་གང་ཡིན་ནམ”ཞེས་འདྲི་སྐབས་ཕྲུ་གུ་ཚོའི་མིག་ཟུང་མེ་ཏོག་ཕྱོགས་སུ་གཏད།

    རྒན་ཝུའུ་ཅ་ལི་ཡིས་སློབ་ཚན་འཁྲིད་སའི་འཛིན་གྲྭ་ནི་རྨང་གཞི་ཞན་ཤོས་ཀྱི་འཛིན་གྲྭ་དེ་ཡིན། “ཟླ་རྒྱུགས་ཐེངས་དང་པོར་སློབ་མ་གསུམ་ཆ་གཉིས་འདྲི་གཞིར་གོ་བ་ལེན་ཐུབ་ཀྱི་མིན་འདུག”ཅེས་དྲན་གསོ་དང་བཅས་བཤད། ཉིན་དེ་ནས་བཟུང་། མཚན་སློབ་གྲོལ་རྗེས་གཞུང་ལས་ཁང་དུ་ཁོང་གིས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་ཁང་དུ་སློབ་མ་རེ་རེ་བཞིན་ཟུར་ཁྲིད་བྱེད་པ་མཐོང་རྒྱུ་ཡོད།

    སློབ་མཇུག་ཡིག་ཚད་ཀྱི་སྦྱངས་འབྲས་དོན་སྐབས། སློབ་མ་བཞི་ཡི་སྐྱེ་དངོས་ཡིག་ཚད་ལོ་རིམ་གཅིག་པའི་ནང་ཨང་དྲུག་པར་སླེབས་པ་དང་། དབྱིན་ཡིག་གི་ཆ་སྙོམས་སྐར་གྲངས་ལོ་རིམ་གཅིག་པའི་ནང་ཨང་བཞི་པར་སླེབས་ཡོད་ལ། ད་དུང་སློབ་མ་ཁ་ཤས་ཀྱི་རིག་ཚན་རྐྱང་པ་ལོ་རིམ་གཅིག་པའི་ནང་ཨང་བཅུ་པར་སླེབས་ཡོད།

    2026ལོའི་ལོ་འགོར། བར་ཐག་སྤྱི་ལེ་1300ཆོད་པའི་བྲག་གཡབ་རྫོང་སློབ་འབྲིང་དང་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་སློབ་འབྲིང་གི་སློབ་མ་540ཡི་དབར“ཁྲུང་ཆིང་དང་ཆབ་མདོའི་གཞོན་ནུ་ལོ་ཆུང་གཅིག་སེམས་གཅིག་སྦྲེལ”གྱི་འཕྲིན་ཡིག་གཏོང་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།

    བློ་བཟང་དབང་གྲགས་ལ་འབྱོར་བའི་ཤོག་འཛར་དེ་སྐྱེ་དངོས་སློབ་དེབ་ནང་བཅུག་པ་དང་། སེམས་གུ་དོག་པའི་པད་མོས་མི་ཚེའི་འཕྲིན་ཡིག་དང་པོ་སྟེ“སློབ་སྦྱོང་དཀའ་ལས་ཆེ་ཡང་སྙིང་རུས་མཐའ་འཁྱོངས་བྱེད་དགོས”ཞེས་བྲིས་པ་ལས་ཤེས་བྱའི་གནས་ལ་བརྩོན་པའི་སེམས་ཤུགས་མངོན་ཡོད།

    གཟའ་འཁོར་གཅིག་གི་རྗེས་སུ་སྐྱེ་དངོས་སློབ་ཚན་ཐོག་རྒན་ཝུའུ་ཅ་ལི་ཡིས“འོད་སྦྱོར་ནུས་པའི”མཚན་ཉིད་འདྲི་སྐབས། བློ་བཟང་དབང་གྲགས་ཀྱིས་ལག་པ་བརྐྱངས་ནས་ལན་བཏབ། ལན་ཁ་གསལ་པོ་མ་བྱུང་ཡང་། སྐད་ཆེན་པོ་ཡོད་པར་བརྟེན་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་གསལ་པོ་ཐོས།

    “ཡིག་རྒྱུགས་སྐར་གྲངས་ཀྱི་རྒྱབ་ཏུ་ཕྲུ་གུ་ཚོས་སློབ་སྦྱོང་ཧུར་ཐག་བྱས་པ་མཐོང་ཐུབ་ལ། ང་ཚོས་འབད་འཐབ་བྱས་པའི་འབྲས་བུ་ཡང་མཐོང་ཐུབ”ཅེས་ཝུའུ་ཅ་ལིས་བརྗོད།

    ཟླ་ལྔ་པར་བྲག་གཡབ་ཀྱི་ལུས་རྩལ་ཐང་གི་མཐའ་འཁོར་དུ་སྐལ་བཟང་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་འདུག

    ལན་ཞའོ་ཡུན་གྱིས་གཞུང་ལས་ཁང་གི་སྒྲོག་ཙེར་འཕྱིད་དར་རྒྱག་སྐབས་ཤུར་ཅོག་ནང་བྱེ་རིལ་ཁ་ཤས་དང་། མི་བཞི་གངས་རིའི་འདབས་སུ་ལངས་པའི་རི་མོ། ད་དུང་མིང་མེད་པའི་འཕྲིན་ཡིག་ཁ་ཤས་བཞག་ཡོད། འཕྲིན་ཡིག་ནང“རྒན་ལགས་ཁྱེད་ཚོ་ཡུན་རིང་བཞུགས་ན་འགྲིག་གམ”ཞེས་བྲིས་ཡོད།

    ལི་ཞའོ་ཡུས་ཀྱིས་ཉིན་ཐོའི་ནང“སྐལ་བཟང་མེ་ཏོག་བཞད་ཡུན་རིང་བ་ལ། ང་ཚོ་སླེབས་པའི་ཉིན་དེར་མེ་ཏོག་བཞད་འདུག་ལ། ང་ཚོ་འགྲོ་དུས་ཀྱང་མེ་ཏོག་བཞད་ནས་འདུག”ཅེས་བྲིས་ཡོད།

    ཝུའུ་ཅ་ལི་ཡིས་ལག་རྟགས་ཤིག་གྲ་སྒྲིག་བྱས་ཤིང་། ཁོང་གིས་སློབ་སྐྱོར་ལོ་གཅིག་གི་འཚོ་བ་དེ་པར་དེབ་ཏུ་བཟོས་པ་དང་། དེའི་ནང་སློབ་ཚན་འཚོག་པའི་སྐབས་ཕྲུ་གུ་ཚོས་ལག་པ་བཀྱགས་པའི་རྣམ་པ་དང་ལུས་རྩལ་འགྲན་ཚོགས་སྐབས་སུ་མཉམ་དུ་བང་རྩལ་འགྲན་པའི་པར་ཡོད།

    2026ལོའི་ཟླ་4པར་གུང་གཞོན་སྡེ་ཚོགས་ཁྲུང་ཆིང་གྲོང་ཨུད་ཀྱིས“ཁྲུང་ཆིང་གི་གཞོན་ནུ་བཟང་པོ”འདེམས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཁྲུང་ཆིང་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་ཆབ་མདོ་ཡན་ལག་རུ་ཁག་གི་མིང་ཡོད། 2018ལོར་ཁྲུང་ཆིང་དགེ་འོས་སློབ་ཆེན་ཀྲུང་གོའི་གཞོན་ནུ་དང་བླངས་པའི་དབུལ་སྐྱོར་རྒྱུན་མཐུད་འཆར་གཞིའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་གྲས་སུ་དངོས་སུ་བཅུག་པ་དང་། 2022ལོར་ཁྲུང་ཆིང་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་གངས་ལྗོངས་ས་མཐོར་ཐོག་མར་བསྐྱོད་ཅིང་། ད་བར་སྐབས་4ཡི་དང་བླངས་པ་16གིས་བྲག་གཡབ་རྫོང་སློབ་འབྲིང་དུ་ལང་ཚོ་སྐྱེས་སུ་ཕུལ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།