དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    རྩོམ་འབྲི་ནི་སྐད་ཡིག་གི་ཕྱོགས་བསྡུས་བྱང་ཚད་ཀྱི་མཚོན་ཚུལ་ཞིག་ཡིན་ལ། སློབ་ཆུང་སློབ་མས་ཕྱི་རོལ་ཡུལ་ལ་ངོས་འཛིན་དང་རང་ཉིད་ཀྱི་བསམ་ཚུལ་མཚོན་ཐབས་གལ་ཆེན་ཞིག་ཀྱང་རེད། སློབ་ཆུང་གི་སློབ་ཁྲིད་ཁྲོད། སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱས་ཚེ་སྐད་ཡིག་གི་རྨང་གཞི་བརྟན་དུ་གཏོང་ཐུབ་པ་མ་ཟད། བསམ་གཞིག་བྱེད་ཐབས་དང་བསམ་པའི་བརྩེ་དུང་ཕུན་སུམ་ཚོགས་སུ་ཡང་གཏོང་ཐུབ། མིག་སྔར། སློབ་ཆུང་སློབ་མ་ཁག་གཅིག་ལ་རྩོམ་ཡིག་འབྲི་བར་སྐྲག་ནས་འགོ་རྩོམ་མི་ནུས་པ་དང་། འབྲི་སྦྱོང་ཅུང་ཙམ་ཤེས་ཀྱང་ནང་དོན་སྟོང་པ་དང་བརྗོད་པ་མི་བདེ་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། དེའི་འབྱུང་རྩ་ཡང་དགེ་རྒན་གྱིས་སློབ་ཁྲིད་ཁྲོད་སློབ་མར་རྩོམ་འབྲིའི་སྤྲོ་སྣང་སྐུལ་སློང་དང་རྒྱུ་ཆ་གསོག་འཇོག་བྱ་ཐབས་ལ་ཁྲིད་སྟོན་མི་འདང་བས་རེད། དེར་བརྟེན། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱེད་པར་ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    དང་པོ། ཐ་སྙད་ཕུན་སུམ་ཚོགས་པོ་དགོས་པ།

    སློབ་ཆུང་གི་སློབ་རིམ་དུ། སྤྱིར་རྩོམ་ཡིག་འབྲི་སྦྱོང་ཐོག་མར་བྱེད་འགོ་ཚུགས་པའི་དུས་རིམ་ནི་ལོ་རིམ་བཞི་པར་ཐུག་ཡོད། སྐབས་དེ་དུས་སློབ་མ་རྣམས་ལོ་རིམ་གསུམ་བརྒྱུད་ཚར་ཙམ་ཡིན་པས། ཐ་སྙད་རྐྱང་པ་དང་ཐ་སྙད་ལས་གྲུབ་པའི་བརྗོད་པ་དེ་དག་ཡི་གེར་ཕབ་རྒྱུར་སློབ་མའི་རྒྱུད་ལ་རྨང་གཞི་ངེས་ཅན་ཞིག་ཚུགས་ཟིན་ཡོད། འོན་ཏེ། རྩོམ་ཐུང་ཞིག་འབྲི་བར་ལོ་གསུམ་རིང་སྦྱངས་པའི་ཐ་སྙད་དེ་ཙམ་གྱིས་འདང་གི་མེད་པས། དེ་ལ་གཅིག་ནས་སློབ་མས་བསླབ་གཞིའི་ནང་གི་ཐ་སྙད་དག་ངེས་དགོས་པ་དང་། གཉིས་ནས་སློབ་མ་རང་ངོས་ནས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་གསོག་འཇོག་བྱས་པའི་ཐ་སྙད་ཕུན་སུམ་ཚོགས་པོ་རང་གི་རྒྱུད་ལ་འཇགས་ཐུབ་པར་བྱེད་དགོས། རྒྱུན་དུ་ཚིག་དུམ་ཐུང་ཐུང་གི་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ན་རྩོམ་འབྲིར་ཕན་ཐོགས་ཆེན་པོ་ཡོད། དེ་ནས་ཐ་སྙད་ཕུན་སུམ་ཚོགས་པོ་ཞིག་རྒྱུད་ལ་འཇགས་པ་དང་། དེ་ཉིད་ཡིག་ཐོག་ལ་འབེབས་པར་འབད་བརྩོན་བྱེད་དགོས།

    གཉིས་པ། འཚོ་བ་དངོས་ལ་ཉམས་ཞིབ་གང་མང་བྱེད་དགོས་པ།

    “འཚོ་བ་ནི་ཆུ་འགོ་ལྟ་བུ་ཡིན་ཞིང་། རྩོམ་ཡིག་ནི་ཆུ་ཕྲན་ལྟར་ཡིན། གལ་ཏེ་ཆུ་འགོར་ཕུན་སུམ་ཚོགས་ཤིང་རྫོགས་མཐའ་མེད་པའི་ཆུ་ཡོད་ན། རང་བྱུང་ཁམས་སུ་ཆུ་ཕྲན་རྒྱུན་མི་ཆད་པ་ཞིག་བབས་ཐུབ“ཅེས་མཁས་དབང་ཡེ་ཧྲེང་ཐའོ་ཡིས་གསུངས་པས། སློབ་མས་འཚོ་བ་དངོས་ཀྱི་ནང་གི་བྱ་དངོས་དང་། སྲོག་ཆགས། མི་སྣ། ཡུལ་ལྗོངས་སོགས་ལ་རྒྱུས་མངའ་ཕྲ་ཞིང་ཕྲ་བ་ཞིག་མ་བྱུང་རུང་། སློབ་མའི་ན་ཚོད་དང་མཐུན་པའི་ཉམས་ཞིབ་རགས་ཙམ་ཞིག་བརྒྱུད་དེ་རྒྱུས་མངའ་ཅུང་ཟད་མེད་ན། རྩོམ་འབྲིའི་རྒྱུ་ཆ་མེད་པས། ཆུང་དུས་ནས་འཚོ་བ་དངོས་ལ་ཉམས་ཞིབ་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས། གཞན་ཡང་སློབ་མས་ཉམས་ཞིབ་ལེགས་པོ་ཞིག་བྱེད་ཐུབ་པ་དགོས་ན། སློབ་མ་རང་ངོས་ཀྱི་ལྷན་སྐྱེས་ཁོ་ནར་ཐུག་པ་ཞིག་མ་ཡིན། སློབ་ཆུང་སློབ་མའི་རང་རྐྱ་འཕེར་ནུས་ཧ་ཅང་ཞན་པས། དགེ་རྒན་དང་ཕ་མ་སུ་ཞིག་ཡིན་རུང་ཚང་མས་སློབ་མའི་ན་ཚོད་དང་བསྟུན་ཏེ། ཁོང་ཚོའི་སེམས་རྒྱུད་ལ་ཕྱི་རོལ་ཡུལ་ལ་ཡ་མཚན་དང་། ཇི་སྙེད་པའི་ཡུལ་དག་ཡུལ་ཅན་བློ་ལ་ཇི་ལྟ་བ་བཞིན་རྟོགས་འདོད་པའི་དགའ་ཞེན་གསོ་སྐྱོང་བྱ་དགོས་པར་བརྟེན། མ་མཐར་ཡང་ཕ་མ་དང་དགེ་རྒན་གྱིས་ངང་རྒྱུད་རིང་པོས་དྲི་བ་འདོན་པ་དང་རྩེད་མོ་རྩེ་བའི་བྱེད་ཐབས་སྤྱད་ནས་ཕྱི་རོལ་ཡུལ་གྱི་དམིགས་བསལ་གྱི་ཁྱད་ཆོས་དག་ཤེས་རྟོགས་ཐུབ་པར་རམ་འདེགས་བྱེད་དགོས། ཕ་མ་དང་དགེ་རྒན་གྱི་རམ་འདེགས་འོག ཡུལ་ཅན་སློབ་མའི་ཤེས་པའི་ཡུལ་དུ་གྱུར་པའི་བྱ་དངོས་ཀྱི་ཁ་དོག་དང་གཟུགས་དབྱིབས་ལ་སོགས་པའི་ཁྱད་ཆོས་དང་། ལྷག་པར་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་བྱ་དངོས་གཞན་དང་མི་འདྲ་བའི་འབུར་དུ་ཐོན་པའམ་དམིགས་བསལ་གྱི་ཁྱད་ཆོས་གང་ཡིན་པ་དག་ལ་ཉམས་ཞིབ་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་དགོས།

    གསུམ་པ། ངག་ཐོག་ནས་ཡིག་ཐོག་ཏུ་འབེབས་ཐུབ་པར་འབད་དགོས་པ།

    “རྩོམ་ཡིག་འབྲི་སྟངས་སློབ་ཁྲིད་བྱེད་སྐབས་སློབ་མས་ཕྱོགས་གཅིག་ནས་མིང་གིས་ཚིག་གྲུབ་བཟོ་བ་དང་། ཕྱོགས་གཞན་ཞིག་ནས་ཚིག་གྲུབ་ཀྱིས་བརྗོད་པ་བཟོ་བའི་ནུས་པ་གསོ་སྐྱོང་བྱེད་དགོས”ཞེས་མཁས་དབང་མང་པོས་བརྗོད་ཡོད་པས། རྣམ་ཀུན་འཚོ་བའི་ཁྲོད་དུ་ཐོན་དང་འཐོན་བཞིན་པའི་བྱ་དངོས་གང་ཞིག་ཡིན་རུང་། དེ་དག་ཉམས་མྱོང་རྒན་པོར་འདྲི་དགོས། དྲིས་ནས་ཐོབ་པ་དག་རང་རང་གི་ཤེས་ཚད་དང་བསྟུན་ཏེ་ངག་ཐོག་ནས་བརྗོད་པ་ཐུང་ཐུང་བཟོ་བ་གོམས་གཤིས་སུ་འཇགས་པར་བྱེད་དགོས། དེ་ལྟ་བུའི་རིམ་པ་བརྒྱུད་དེ་ངག་ཐོག་ནས་བྱ་དངོས་སོགས་གང་རུང་ལ་རྩོམ་གྱི་རྒྱུ་ཆར་གྱུར་པའི་མིང་དང་ཚིག་དུ་མ་སྤྱད་དེ་བརྗོད་པ་ཐུང་ཐུང་བཟོ་ཐུབ་ན། ད་གཟོད་སློབ་མས་རྩོམ་ལ་འཇུག་པར་རྩ་བའི་རྨང་གཞི་འདིང་ཐུབ། སློབ་ཆུང་སློབ་མས་ངག་ཐོག་ནས་བརྗོད་པ་ཐུང་ཐུང་བཟོ་བའི་ནུས་པ་ཁོ་ནར་ཡིད་ཚིམ་ནས་སྡོད་པ་ནི་རྩ་བ་དོར་ནས་ཡལ་གར་འཐམ་པ་དང་གཉིས་སུ་མ་མཆིས། ངག་ཐོག་ནས་ཇི་ལྟར་བརྗོད་ལ་མཁས་རུང་ཡིག་ཐོག་ཏུ་ཕབ་མི་ཐུབ་ན་དེ་ནི་ནེ་ཙོའི་འདོན་པ་བཞིན་ཅུང་ཟད་བཟང་ན་ཡང་གོ་ཆེན་པོ་མི་ཆོད་པས། ངག་ཐོག་གི་རྩོམ་པར་རྨང་གཞི་ངེས་ཅན་ཟིན་རྗེས། དགེ་རྒན་ནས་སློབ་མར་ཡི་གེའི་དག་ཐོན་དང་མི་ཐོན་གང་ཡིན་རུང་ཡིག་ཐོག་ཏུ་རང་གི་འདོད་འདུན་བཞིན་འབེབས་པར་སྐུལ་དགོས་ལ། ཡིག་ཐོག་ཏུ་འབེབས་པའི་སྤྲོ་སྣང་དང་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས།

    བཞི་པ། རྩོམ་ཡིག་འབྲི་བའི་དགའ་ཞེན་གསོ་སྐྱོང་བྱེད་དགོས་པ།

    ཚན་རིག་མཁས་ཅན་ཨའེ་དབྱིན་སེ་ཐན་གྱིས། “དགའ་ཞེན་ནི་ཆེས་ལེགས་པའི་དགེ་རྒན་ཡིན”ཞེས་གསུངས་པ་བཞིན། ལས་ཀ་གང་ཞིག་ཡིན་རུང་དགའ་ཞེན་མེད་ན་དེ་ཉིད་སྒྲུབ་མི་ཐུབ་ལ། མ་བསྒྲུབས་ན་ལེགས་པར་འགྲུབ་ཅེས་པ་ཡོང་ག་ལ་སྲིད། དེས་ན་དགེ་རྒན་ནས་སློབ་མ་སོ་སོའི་རྩོམ་འབྲིའི་དགའ་ཞེན་གསོ་སྐྱོང་གི་ཆེད་དུ། དང་ཐོག་སློབ་མས་རྩོམ་ཡིག་གི་རྒྱུ་ཆར་གྱུར་པའི་བརྗོད་ཐུང་བྲིས་པ་ལེགས་ཉེས་ཇི་ལྟར་ཡིན་རུང་། བཟོ་བཅོས་བྱས་པའི་རྨང་གཞིའི་ཐོག་ལེགས་པར་བསྟོད་བསྔགས་དང་ཉེས་པར་ལེགས་ཆ་བཙལ་འཚོལ་གྱིས་བསྟོད་པ་བྱས་ནས་ཁོང་ཚོའི་ངག་ཐོག་གི་བརྗོད་ཐུང་ཡིག་ཐོག་ལ་འབེབས་པའི་དགའ་ཞེན་འཕེལ་བར་བྱེད་དགོས།

    སློབ་མར་ཡིག་ཐོག་ནས་རང་གི་བསམ་བློ་མཚོན་པའི་གོམས་གཤིས་འཇགས་ན། རྩོམ་འབྲིའི་དཀའ་ངལ་སྤྱིར་ན་ཐག་གཅོད་བྱེད་ཐུབ། སློབ་ཆུང་སློབ་མར་ཡ་མཚན་སྐྱེ་སེམས་སམ་མཚར་སྣང་དང་བསམ་པའི་འཆར་ཡན་ཕུན་སུམ་ཚོགས་པས། དགེ་རྒན་དང་ཁྱིམ་བདག་གིས་ཁྱད་ཆོས་དེ་དམ་པོར་བཟུང་ནས་རྩོམ་འབྲི་དང་སྤྲོ་སྣང་ལྡན་པའི་བྱེད་སྒོ་ཟུང་འབྲེལ་བྱས་ཏེ་རྩོམ་འབྲིའི་ལས་དང་པོར་ཞུགས་ན་རྩོམ་འབྲིའི་སྤྲོ་སྣང་ངང་གིས་འཕེལ་ཐུབ།

    ལྔ་པ། དགེ་རྒན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་སྐུལ་ལྕག་བྱེད་དགོས་པ།

    སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན། རྩོམ་ཡིག་འབྲི་བ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་ག་ལ་ཡིན། དེ་ཡང་དང་ཐོག་རི་མོར་བལྟས་ནས་བརྗོད་པ་ཐུང་ཐུང་བཟོ་བར་སྦྱོང་བརྡར་སྤྲོས་དགོས་པ་དང་། དེ་རྗེས་རིམ་གྱིས་ཉིན་ཐོ་སོགས་རྒྱུན་སྤྱོད་ཡིག་རིགས་ཁག་འབྲི་སྦྱོང་བྱས་ཏེ། སློབ་མར་དུས་ཚོད་དང་ས་གནས། མི་སྣ། དོན་དག་བཅས་བཀོལ་སྤྱོད་ཡང་དག་བྱེད་དགོས་པའི་ཐད་དགེ་རྒན་ནས་ཡང་དག་པའི་ཁྲིད་སྟོན་བྱེད་དགོས། དེ་དག་ལ་བྱང་ཆ་ངེས་ཅན་བྱུང་རྗེས་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཏེ། རྩོམ་ཐུང་འབྲི་སྦྱོང་བྱེད་པར་སྐུལ་སློང་བྱེད་དགོས།

    རྩོམ་ཡིག་བཟང་པོ་ནི་བཟོ་བཅོས་བརྒྱབ་ནས་གྲུབ་པ་ཞིག་ཡིན་ལ། བཟོ་བཅོས་ནི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་ཀྱང་ཡིན། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་པར་ངེས་པར་དུ་རྩོམ་འབྲི་བ་དང་། བཟོ་བཅོས་རྒྱག་པ། དཔྱད་བརྗོད་སྤེལ་བ་སོགས་ཆ་ལག་ཚང་བའི་རྩོམ་ཡིག་བཟོ་བཅོས་ཁྲོད་ནས་རྩོམ་འབྲིའི་ནུས་པ་མཐོར་འདེགས་བྱེད་དགོས། དགེ་རྒན་གྱིས་སློབ་མར“ཀློག་ཐེངས་གསུམ་གྱི་རང་བཤེར་བྱེད་ཐབས”སྤྱོད་ཆོག་པ་སྟེ། ཀློག་ཐེངས་དང་པོར་ཡིག་ནོར་དང་ཚིག་སྦྱོར་ལ་ཞིབ་བཤེར་བྱེད་པ། ཀློག་ཐེངས་གཉིས་པར་ནང་དོན་ལ་ཞིབ་བཤེར་བྱེད་པ། ཀློག་ཐེངས་གསུམ་པར་ཕྱོགས་ཡོངས་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་པར་ཁྲིད་སྟོན་བྱེད་དགོས། དེ་མིན་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སློབ་མ་ཕན་ཚུན་རྩོམ་ཡིག་ལ་བཟོ་བཅོས་དང་གདེང་འཇོག་ཐུབ་ཕྱིར་ཚོགས་ཆུང་ཁག་བགོས་ཀྱིས་སྦྱོང་ཚན་བརྗེ་རེས་བྱས་ནས་ལྟ་ཚུལ་ལྷུག་བརྗོད་ཀྱིས་གདེང་འཇོག་བྱས་ཏེ། མི་གཞན་གྱི་དགེ་མཚན་ལ་སློབ་སྦྱོང་དང་རང་ཉིད་ཀྱི་མི་འདང་ས་ཤེས་སུ་འཇུག་དགོས་པ་མ་ཟད་རྩོམ་འབྲིའི་ལག་ལེན་དུ་འཁྱོལ་ཐུབ་པ་བྱེད་དགོས། མཇུག་མཐར། དགེ་རྒན་གྱིས་བཟོ་བཅོས་དང་སློབ་མའི་རྩོམ་འབྲིར་གནད་ལ་འཁེལ་བའི་མཛུབ་ཁྲིད་ཀྱི་ནུས་པ་ཐོན་པའི་དཔྱད་བརྗོད་བྱེད་དགོས།

    མདོར་ན། སློབ་ཆུང་གི་སློབ་རིམ་ནི་སློབ་མར་ཤེས་བྱའི་རྨང་གཞི་བརྟན་པོ་འདིང་བའི་དུས་རིམ་ཆེས་གལ་ཆེན་ཞིག་ཡིན་པས། དགེ་རྒན་ནས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་སེམས་སུ་བཅངས་ནས་སློབ་ཁྲིད་ཁོ་ན་མ་ཡིན་པར་སློབ་མའི་ཀུན་སྤྱོད་སློབ་གསོ་དང་གོམས་གཤིས་ལེགས་པོ་གསོ་སྐྱོང་ལ་ཁྲིད་སྟོན་གྱི་ནུས་པ་ཐོན་ཐུབ་པའི་སློབ་གསོ་རྒྱག་དགོས། དེ་བཞིན་སློབ་ཚན་ནང་དུ་འཁོད་པའི་ཤེས་བྱ་ཁག་བརྒྱུད་སྤྲོད་བྱེད་སྐབས་སུ་ཡང་། སློབ་ཚན་རྐྱང་པའི་ཤེས་བྱ་ཁོ་ན་མ་ཡིན་པར་སློབ་ཚན་གྱི་ནང་དོན་དང་འབྲེལ་ཏེ་སློབ་མས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་མངའ་གང་མང་ཡོང་ཕྱིར་འཚོ་བ་དངོས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་དགོས། གོང་དུ་བརྗོད་པའི་ཆ་རྐྱེན་འདི་དག་འཛོམས་ན། ད་གཟོད་སློབ་མའི་རྒྱུད་ལ་རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་དང་རྩོམ་འབྲིའི་རྨང་གཞི་ཡག་པོ་ཞིག་འདིང་ཐུབ།

    (རྗེ་འབུམ་སྒང་སློབ་ཆུང་གི་ཨོའོ་ལགས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།