ལྷ་སའི“ཉི་འོད་གཅེས་ཕྲུག·དཔེ་ཀློག་ས་ཚིགས”བརྒྱད་པ་སྙེ་མོ་རྫོང་དུ་བཙུགས་པ།

འདི་ནི་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་སློབ་མར་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།
ཉེ་ཆར། སྙེ་མོ་རྫོང་དུ་ལྷ་སའི“ཉི་འོད་གཅེས་ཕྲུག·དཔེ་ཀློག་ས་ཚིགས”བརྒྱད་པའི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བྱིས་པའི་མཛའ་མཐུན་ཞབས་ཞུ་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་རྫོང་ཁོངས་ཀྱི་བྱིས་པའི་དཔེ་ཀློག་སྤུས་ལེགས་ཐོན་ཁུངས་ཀྱི་ཞན་ཆ་བསལ་བ་དང་། བྱིས་པའི་མཛའ་མཐུན་གྲོང་ཁྱེར་སྐྲུན་པར་རམ་འདེགས་བྱེད་པ་མཚོན་གྱི་ཡོད་པ་རེད།
ད་རེས་ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོའི་དམིགས་ཡུལ་ནི་གཞི་རིམ་བྱིས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལོ་ཆུང་བྱིས་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”སེལ་རྒྱུ་དེ་རེད། ས་ཚིགས་དེས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཕ་མ་བུ་ཕྲུག་མཉམ་ཀློག་དང་། དཔེ་ཀློག་ཁྱབ་གདལ། ཚན་རིག་ཁྱབ་གདལ་ཉམས་ལེན་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་ལོ་ཆུང་བྱིས་པར་ཀུན་ཕན་དང་སྤུས་ལེགས་ཀྱི་རིག་གནས་ཞབས་འདེགས་ཞུ་རྒྱུ་དེ་རེད།
ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གཡུལ་ས་འཛུགས་སྐྲུན་རྨང་གཞིར་བྱས་ཏེ་དཔེ་ཀློག་ས་ཚིགས་ལ་བརྟེན་ནས་གསུང་རབ་ཀློག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན། སྤྲོ་འཕེལ་ཞིབ་་སློབ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ལོ་ཆུང་བྱིས་པའི་དཔེ་ཀློག་གི་བློ་སྒོ་འབྱེད་པ་དང་བླང་དོར་ཐད་སྣེ་ཁྲིད་ཡག་པོ་བྱས་ཏེ། གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད།
སྙེ་མོ་རྫོང་གི་འབྲེལ་ཡོད་འགན་འཁུར་བས། ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ། གཞི་རིམ་བྱིས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།