དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྤྲོ་སྣང་ལྡན་པའི་དབྱར་གསེང་། དགའ་བས་ཕྱུག་པའི་བྱིས་དུས།

    ལྷ་སའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དབྱར་གསེང་བྱེད་སྒོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-02

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཅིག་འཛུགས་སྡེ་ཁུལ་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་གཉེར་བའི་དབྱར་གསེང་གི་བཅོལ་ཉར་འཛིན་གྲྭར་རྒན་ལགས་ཀྱིས་སློབ་མར་ཟུར་ཁྲིད་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གཉེར་བའི་དབྱར་གསེང་གི་ལག་ཤེས་ཉམས་ལེན་བྱེད་སར་ཁྱིམ་བདག་དང་ཕྲུ་གུ་ཚོས་ལག་ཤེས་ཐོན་རྫས་བཟོ་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་སུ་སྒྲོམ་རྔ་རྡུང་སྟངས་སྦྱོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་ཕྲུ་གུ་ཚོས་ལན་ཆིའུ་སྤོ་ལོ་སྦྱོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་སུ་ཕྲུ་གུ་ཚོས་ཞབས་བྲོ་སྦྱོང་བཞིན་པ།

    འདི་ནི་ནོར་བུ་གླིང་ཁར་ཁྱིམ་བདག་ཚོས་ཕྲུ་གུ་དང་མཉམ་དུ་སྤང་སྟེང་དུ་རྩེད་མོ་རྩེ་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་ཕྲུ་གུ་ཚོས་འདྲེད་འཁོར་སྦྱོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཛེས་སྡུག་ལྡན་པའི་ཚལ་སྣེ། གངས་ཅན་མེ་ཏོག་གི་ལུང་པར་ཕྲུ་གུ་ཚོས་རྔ་མོང་ལུག་ལ་ལྟོ་སྟེར་བཞིན་པ།

    གངས་ལྗོངས་ཀྱི་དབྱར་ཁར་བསིལ་རླུང་དལ་བུར་ལྡང་ཞིང་། ལྷ་སའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོས་སྤྲོ་སྣང་ལྡན་པའི་དབྱར་གསེང་བསུས་ཡོད། ལུས་རྩལ་ཐང་གི་སྐྱིད་པའི་དགོད་སྒྲ་དང་། དྲོ་སྐྱིད་ལྡན་པའི་ཟུར་ཁྲིད། དཔེ་མཛོད་ཁང་དུ་དཔེ་ཀློག་ལ་རོལ་བའི་རྣམ་པ། དེ་བཞིན་སྤྲོ་སྣང་འཛིན་གྲྭའི་སྙན་པའི་རོལ་དབྱངས་ཀྱི་སྐད་སྒྲ་སོགས་དབྱར་གསེང་གི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ཕྲུ་གུ་ཚོ་ཁྱིམ་དང་སློབ་ཁང་ནས་ཐོན་ཏེ་ཉམས་ལེན་ཁྲོད་དུ་ཡར་རྒྱས་དང་འཚར་ལོངས་ཡོང་བཞིན་ཡོད་པ་དང་། དགའ་སྤྲོ་འཕེལ་བའི་བྱིས་དུས་ཀྱི་ལོ་ཟླ་ཞིག་སྐྱེལ་བཞིན་མཆིས།

    འདི་ལོའི་དབྱར་གསེང་དུ་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིས་ལོ་7ནས་18བར་གྱི་གཞོན་ནུ་ལོ་ཆུང་ལ་འདྲེད་འཁོར་དང་ལན་ཆིའུ་སྤོ་ལོ་སོགས་ཀྱི་ཁྱད་ལྡན་སློབ་ཚན་8ཙམ་བཀོད་སྒྲིག་བྱས་པས། སློབ་ཚན་གྱི་བཀོད་སྒྲིག་རེའུ་མིག་ཐོན་མ་ཐག་འཕྲལ་མར་མིང་ཐོ་འགོད་མཁན་གྱིས་ཁེངས། འདྲེད་འཁོར་གློད་བཞིན་པའི་གྲོགས་པོ་ཆུང་ཆུང་ཞིག་གི་གདོང་ནས་རྔུལ་ཆུ་ཁྲུམ་ཁྲུམ་ཐོན་བཞིན་ཡོད་པ་དང་། གྲུང་ཤ་དོད་པའི་མིག་ཟུང་ལས་སྐྱིད་སྣང་ལྡན་པའི་རྣམ་པ་ཞིག་མངོན། ཁོ་མོས“གུང་གསེང་རིང་རོགས་པ་དང་མཉམ་དུ་འདྲེད་འཁོར་སྦྱོང་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག”ཅེས་བརྗོད།

    ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁང་གཅིག་འཛུགས་སྡེ་ཁུལ་དུ“ཕུན་སུམ་ཚོགས་པའི་གུང་གསེང་འཚོ་བར། ལོ་ཆུང་བྱིས་པ་དང་མཉམ་དུ་འགྲོགས”ཞེས་པའི་སྤྱི་ཕན་དབྱར་གསེང་གི་ཕྲུ་གུ་བཅོལ་ཉར་སློབ་ཚན་ལ་བརྩེ་བས་ཕྱུག་ཡོད། བོད་ལྗོངས་སློབ་ཆེན་གྱི་སྡེ་ཚོགས་ཨུ་ལྷན་དང་གཞོན་ནུ་དང་བླངས་པ་དང་སློབ་གྲྭའི་རྒྱ་གྲམ་དམར་པོ་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་མཐའ་འཁོར་གྱི་སྡེ་ཁུལ་6ལ་ཕྱོགས་ཏེ་རིན་མེད་མིང་ཐོ་50སྤྲད་པ་རེད། སྔ་དྲོ་དང་བླངས་པས་ཕྲུ་གུ་ཚོར་ཉིན་རེའི་སྦྱོང་ཚན་ལེགས་གྲུབ་བྱེད་རོགས་དང་སྤྲོ་སྣང་ལྡན་པའི་རྩེད་མོ་རྩེད་དུ་འཇུག་གི་ཡོད་པ་རེད། ཕྱི་དྲོ་མྱུར་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་དང་། ས་མཐོའི་ཁོར་ཡུག་སྲུང་སྐྱོང་། སྤྱི་སྐད་སློབ་སྦྱོང་། མི་རིགས་མཐུན་སྒྲིལ་གྱི་ལག་ཤེས། སེམས་ཁམས་སློབ་གསོ། ཁྲིམས་སྐྱོང་བདེ་འཇགས་སློབ་གསོ་བཅས་རེས་མོས་ཀྱིས་ཁྲིད་ཀྱི་ཡོད་པ་རེད།

    དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ཉིད་ཕྲུ་གུ་ཚོའི་དཔེ་ཀློག་གི་ཞིང་ཁམས་ལྟ་བུར་གྱུར་ཡོད། ཟླ་7ཚེས་21ཉིན་ནས་བཟུང་། དཔེ་མཛོད་ཁང་གིས་དུས་ཡུན་ཉིན་16གི་ལྷ་ས་དཔེ་མཛོད་ཁང་གི་དཔེ་ཀློག་གི་དབྱར་གསེང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བཙུགས་པ་རེད།

    སྔ་དྲོར་སློབ་ཕྱིའི་དཔེ་ཀློག་དང་དབྱར་གསེང་ཁྱིམ་སྦྱོང་འབྲི་རུ་འཇུག་པ་དང་། ཕྱི་དྲོ་DIYལག་ཤེས་དང་། དམངས་སྲོལ་ཉམས་ལེན། སྤྲོ་སྣང་ལྡན་པའི་ཚན་རིག་ཚོད་ལྟ། རི་མོའི་དེབ་ལྟ་ཀློག རྒྱལ་གཅེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་ཀྱི་བྱེད་སྒོ་རིམ་པ་བཞིན་སྤེལ་གྱི་ཡོད།

    བྱིས་པའི་ཕོ་བྲང་གིས་ཞབས་བྲོ་དང་། མཛེས་རྩལ། ཡིག་གཟུགས། རོལ་དབྱངས། གསར་འགོད་པ་ཆུང་ཆུང་། ཐའེ་ཆོན་དྲག་རྩལ། འཕྲུལ་མིའི་སྒྲིག་རིམ་སོགས་གསོ་སྦྱོང་གི་སློབ་ཚན་30ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། སྒྱུ་རྩལ་སློབ་སྦྱོང་དང་འགྲེམས་སྟོན་གྱི་ལས་སྟེགས་མང་པོ་བསྐྲུན་ནས་ལོ་ཆུང་བྱིས་པར་སྒྱུ་རྩལ་གྱི་ཤུགས་རྐྱེན་བཟང་པོ་རང་རྒྱུད་ལ་འཇགས་པར་བྱེད་ཀྱི་ཡོད།

    དབྱར་གཞུང་འདིར་ལྷ་སའི་གཞོན་ནུ་ལོ་ཆུང་ཚོས་སློབ་ཁང་ནས་ཐོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཁམས་སུ་བསྐྱོད་དེ་ལུས་སྦྱོང་བྱེད་རིང་སྐྱེ་སྟོབས་འཕེལ་བ་དང་། འདུག་རོགས་ཁྲོད་ནས་དྲོ་སྐྱིད་ཚོར་བ། དཔེ་ཀློག་ཁྲོད་ནས་མཐོང་རྒྱ་ཆེ་རུ་གཏོང་བ། སྒྱུ་རྩལ་གྱི་ཁྲོད་ནས་ཤུགས་རྐྱེན་བཟང་པོ་རང་རྒྱུད་ལ་འཇགས་པ་བཅས་བྱས་ཏེ། དོན་སྙིང་ལྡན་ལ་སྤྲོ་སྣང་གིས་ཕྱུག་པའི་དབྱར་གསེང་ཞིག་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།