བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་དགེ་རྒན་ཀུན་བཟང་ཆོས་སྒྲོན་གྱིས་ཕྲུ་གུ་འོན་པར་ཞབས་བྲོ་བསླབས་པ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་ཞབས་བྲོའི་སློབ་ཚན་སྐབས་དགེ་རྒན་ཀུན་བཟང་ཆོས་སྒྲོན་གྱིས་སློབ་མའི་ལག་ནས་འཇུས་ཏེ་ཞབས་བྲོའི་སྟངས་སྟབས་བསྐྱར་ཟློས་བྱེད་ཀྱི་ཡོད་ཅིང་། སློབ་མས་ཐེངས་བདུན་བརྒྱད་ཙམ་སྦྱངས་ཀྱང་ད་དུང་ཡག་པོ་མ་ཤེས་མོད། ཀུན་བཟང་ཆོས་སྒྲོན་གྱིས་ངང་རྒྱུད་རིང་པོས་སློབ་མའི་ལག་ནས་འཇུས་ཏེ་ཡང་བསྐྱར་ཐེངས་གཅིག་བསླབས། ད་རེས་ཡག་པོ་ཤེས་སོང་བས་སློབ་མའི་གདོང་ནས་འཛུམ་མདངས་མངོན་པ་དང་ཀུན་བཟང་ཆོས་སྒྲོན་གྱི་གདོང་ནས་ཀྱང་འཛུམ་མདངས་འཕྱུར་ཞིང་། སློབ་མའི་མགོ་བོར་བྱིལ་བྱིལ་བྱས་ཏེ་བསྟོད་པའི་མཐེ་བོང་བསྒྲེངས།
2004ལོར་ཀུན་བཟང་ཆོས་སྒྲོན་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གི་དབྱིན་ཡིག་དགེ་རྒན་དུ་གྱུར། 2010ལོར་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭ་གྲབས་འཛུགས་བྱས་པ་དང་དགེ་རྒན་མཁོ་གལ་ཆེ་བ་རེད། ཀུན་བཟང་ཆོས་སྒྲོན་གྱིས་དེའི་སྐོར་མཐོང་བ་ན“འགྲན་སློང་མི་ཉུང་བ་ཞིག་ཡོད་ནའང་། གཅིག་བྱས་ན་ངས་འཇོན་གྱི་རེད”བསམ། མི་མང་པོ་ཞིག་གིས“དམིགས་བསལ་སློབ་གསོ་སློབ་གྲྭའི་ཕྲུ་གུ་ཚོར་སློབ་ཁྲིད་བྱེད་ཁག་པོ་ཡོད་པ་རེད”ཅེས་བཤད་ཀྱང་། ཀུན་བཟང་ཆོས་སྒྲོན་གྱིས“ཕྲུ་གུ་མི་འདྲ་བ་དེ་རྣམས་ལ་ལྷག་ཏུ་སེམས་ནུས་ཡོད་རྒུས་སློབ་ཁྲིད་བྱེད་དགོས”ཞེས་བློ་ཐག་རྦད་བཅད་ཀྱིས་ལས་གནས་བསྒྱུར་རྒྱུའི་རེ་འདུན་ཞུས་ཏེ་ཡིག་ཚད་ནང་ཞུགས།
དེ་ལྟར་ཀུན་བཟང་ཆོས་སྒྲོན་གྱིས་ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོ་སློབ་གྲྭར་བསྐྱོད་ནས་ལོ་གཅིག་རིང་ལས་ཞུགས་གོང་གི་གསོ་སྦྱོང་དང་ལེན་བྱས་ཤིང་། གསོ་སྦྱོང་གི་གཟའ་འཁོར་དང་པོར་ཁོང་ལ་དཀའ་ངལ་འཕྲད་པ་སྟེ། ལག་བརྡ་དང་ལོང་ཡིག་མི་ཤེས་པ་མ་ཟད། དམིགས་བསལ་སློབ་གསོའི་ཐབས་ཤེས་གཅིག་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཀུན་བཟང་ཆོས་སྒྲོན་གྱིས་དཔའ་མི་ཞུམ་པར་ཉིན་མོར་གསོ་སྦྱོང་སློབ་ཚན་ཉན་པ་དང་དགོང་མོར་ལག་བརྡ་རང་སྦྱོང་བྱས་ཏེ་ཤེལ་སྒོར་བལྟས་ནས་ཡང་ཡང་སྦྱོང་བརྡར་བྱས། ལོ་གཅིག་གི་རྗེས་སུ་ཁོང་གིས་ཧ་ལམ་འབྲེལ་འདྲིས་ཐོགས་པ་མེད་པར་བྱེད་ཐུབ་པར་གྱུར།
གསོ་སྦྱོང་ཚར་ནས་ཕྱིར་ལོག་རྗེས། ལས་སྒྱུར་རེ་ཞུའི་ནང་ཀུན་བཟང་ཆོས་སྒྲོན་གྱིས་རང་ཉིད་ཀྱི་དགའ་ཕྱོགས་གླུ་ལེན་བྲོ་འཁྲབ་ཡིན་པ་འཁོད་པས་སློབ་གྲྭས་ཁོང་ལ་ཞབས་བྲོའི་སློབ་ཁྲིད་བཀོད་སྒྲིག་བྱས། ཐེངས་དང་པོར་ཞབས་བྲོའི་སློབ་ཚན་འཚོག་སྐབས་ཀུན་བཟང་ཆོས་སྒྲོན་གྱིས་སྒྲ་འཕྲུལ་གྱི་སྐད་གདངས་ཆེ་ཤོས་སུ་བསྒྱུར་ཡང་ཕྲུ་གུ་རྣམས་ལ་ཚོར་སྣང་གང་ཡང་མ་བྱུང་ལ། རྒྱུ་མཚན་ནི་ཁོང་ཚོས་རྣ་བས་ཐོས་ཀྱི་མེད་པ་རེད། སྐད་ཅིག་མ་དེར། ཁོང་གིས་སྙིང་རྗེ་ཚད་མེད་སྐྱེས་ནས་ཚིག་གཅིག་ཀྱང་ཤོད་མ་ཐུབ་ལ། “ཁོང་ཚོར་རོལ་དབྱངས‘མཐོང་རེག’ཐུབ་པར་འཇུག་དགོས”ཞེས་སེམས་ཐག་བཅད།
ཐེངས་ཤིག་ལ། ཀུན་བཟང་ཆོས་སྒྲོན་གྱིས་སྒྲ་འཕྲུལ་གྱི་འགྲམ་དུ་ལངས་པའི་ཕྲུ་གུ་རྣམས་སྒྲ་འཕྲུལ་གྱི་འདར་འགུལ་དྲག་པོ་ཞིག་གིས་སྐྲག་པར་གྱུར་པ་མཐོང་། ཁོང་གིས་གློ་བུར་དུ་ཕྲུ་གུ་འོན་པ་ཚོས་དབྱངས་འགྲོས་ཀྱི་འདར་འགུལ་གསལ་བོར་ཚོར་ཐུབ་པ་ཤེས། དེ་ནས་ཁོང་གིས་སྒྲ་འཕྲུལ་ཤིང་གི་པང་གཅལ་ལ་སྦྱར་བ་དང་བྱིས་པ་རྣམས་རྐང་རྗེན་དུ་ལངས་སུ་བཅུག་སྟེ་རྐང་མཐིལ་གྱིས་རོལ་དབྱངས་ཀྱི་འདར་འགུལ་ཚོར་བར་བྱས། ཀུན་བཟང་ཆོས་སྒྲོན་གྱིས་ད་དུང་ལག་ཐོགས་ཁ་པར་གྱི་གློག་འོད་ལ་བརྟེན་ནས་དབྱངས་འགྲོས་སྟོན་པ་དང་། ཐལ་མོ་རྡེབ་པ་དང་པང་གཅལ་ལ་བརྡེབས་ནས་འདར་འགུལ་འབྱུང་དུ་བཅུག་སྟེ། འདར་འགུལ་ལ་གཞིགས་ནས་ཞབས་བྲོའི་སྟངས་སྟབས་རེ་རེ་བཟོས། བྱམས་བརྩེ་དང་རྔུལ་ཆུ་ལས་གཞི་ནས་བྱས་རྗེས་ངོ་མཚར་ཅན་བསྐྲུན། ཀུན་བཟང་ཆོས་སྒྲོན་དང་ཕྲུ་གུ་ཚོས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་མཉམ་འཁྲབ་སྐབས་གཉིས་ཀྱི་ནུབ་རྒྱུད་འགྲན་ཁུལ་གྱི་ཞབས་བྲོའི་འགྲན་བསྡུར་ནང་བསྟུད་མར་ཨང་དང་པོ་བླངས་པ་རེད། ཕྲུ་གུ་རྣམས་མཚན་ཚོགས་ཀྱི་གར་སྟེགས་ཐོག་འཛེགས་པ་མ་ཟད། ད་དུང་པེ་ཅིང་དང་། ཨན་ཧུའེ། ཁྲུང་ཆིང་སོགས་སུའང་འཁྲབ་སྟོན་བྱེད་པར་བསྐྱོད། ད་ཆ་ཀུན་བཟང་ཆོས་སྒྲོན་གྱིས་བསྐྱངས་པའི་ཕྲུ་གུ་འོན་པ་ཚང་མ་བདེ་བླག་ངང་སློབ་མཐར་ཕྱིན་པ་མ་ཟད། ཕྲུ་གུ་ཁག་གཅིག་དངོས་གཞིའི་ཚན་ཁག་གི་ཞབས་བྲོའི་ཆེད་ལས་ལ་རྒྱུགས་འཕྲོད་ནས་མུ་མཐུད་ཕུགས་འདུན་དོན་གཉེར་ཡང་བྱས་པ་རེད།
ཀུན་བཟང་ཆོས་སྒྲོན་གྱི་གཞུང་ལས་སྒྲོག་ཙེའི་སྟེང་དུ་རྟག་པར་དངོས་པོ་གཉིས་བཞག་ཡོད་པ་སྟེ། ཡང་ཡང་བལྟས་ནས་རྙིང་པར་གྱུར་པའི《ཀྲུང་གོའི་ལག་བརྡ》དང་འཛིན་གྲྭ་ཡོངས་ཀྱི་ཕྲུ་གུ་ཚོའི་མཉམ་པར་རེད། འདྲ་པར་ནང་གི་ཕྲུ་གུ་ཚོས་ཁོང་གི་གམ་དུ་དམ་པོར་བསྐོར་ཞིང་འཛུམ་མདངས་རབ་ཏུ་མངོན།
ལོ་རེ་བཞིན་ཀུན་བཟང་ཆོས་སྒྲོན་གྱིས་སློབ་ཕྲུག་གསར་པ་ཁག་རེ་རེ་བསུ་བཞིན་ཡོད། བབ་ཆགས་པའི་སྟངས་སྟབས་དག་ཁོང་གིས་དངོས་སུ་ཐེངས་བཅུ་ཕྲག་འགའ་སློབ་དགོས་ནའང་། ངང་རྒྱུད་རིང་པོས་ཕྲུ་གུའི་ལག་པ་ནས་འཇུས་ཏེ་ཡང་དང་བསྐྱར་དུ་སློབ་བཞིན་ཡོད་ལ། “བགྲོད་ལམ་འདིར་ང་མུ་མཐུད་སྐྱོད་ཀྱི་ཡིན”ཞེས་ཀུན་བཟང་ཆོས་སྒྲོན་གྱིས་བློ་བརྟན་འགྱུར་མེད་ངང་བཤད།
འབྲེལ་ཡོད་གསར་འགྱུར།