འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་གྱི་ཐབས་རྩལ་སྐོར་ཅུང་ཟད་གླེང་བ།
བོད་སྐད་ལ་ཆ་མཚོན་ན་མདོ་དབུས་ཁམས་གསུམ་གྱི་སྐད་མི་འདྲ་བ་ཡོད་རུང་། དབུས་གཙང་གི་འཁྲབ་ཚན་སྒྱུར་མའི་ནང་ལྷ་སའི་སྐད་ཀྱི་ཐོག་ནས་སྒྲ་སྦྱོར་བྱེད་ཀྱི་ཡོད་པ་དང་། འཁྲབ་ཚན་སྒྱུར་མའི་ནང་དོན་ཕུན་སུམ་ཚོགས་ཤིང་ཞིང་འབྲོག་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་ལེ་ཚན་ཞིག་ཏུ་གྱུར་ཡོད། འོན་ཀྱང་གཟིགས་མོ་བས་འཁྲབ་ཚན་གྱི་ནང་དོན་དང་མི་སྣའི་འཁྲབ་རྩལ་ལ་དོ་སྣང་བྱེད་པ་ལས་སྒྲ་སྦྱོར་བ་ཚོར་དོ་སྣང་བྱེད་མཁན་དེ་ཙམ་མེད། འཁྲབ་ཚན་སྒྱུར་མའི་ནང་གི་མི་སྣ་དེ་དག་ལ་བོད་སྐད་ཀྱི་ཁྱད་ཆོས་ལྡན་ཞིང་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་སྒྲ་སྦྱར་ནས་ཞིང་འབྲོག་མང་ཚོགས་རྣམས་ལ་འཁྲབ་ཚན་སོ་སོའི་ནང་དོན་དང་གཏམ་གླེང་ལས་བྱུང་བའི་ངོ་མཚར་གྱི་སྣང་བརྙན་དེ་དག་ད་གཟོད་བསྐྲུན་ཐུབ་པ་བྱུང་ཡོད། སྒྲ་སྦྱར་བ་དེ་དག་ཀྱང་རང་སྣང་གང་ཤར་གྱི་སྒོ་ནས་སྦྱར་བ་ཞིག་གཏན་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཆེད་ལས་ཀྱི་ཐབས་རྩལ་དང་། སྒྱུ་རྩལ་གྱི་ཉམས། འཚོ་བའི་ཉམས་མྱོང་། ལས་རིགས་ཀྱི་བྱང་ཚད་བཅས་དང་ལྡན་པའི་སྒོ་ནས་སྦྱར་བ་ཞིག་ཡིན། བོད་སྐད་ཀྱི་འཁྲབ་ཚན་སྒྱུར་མའི་ནང་གི་མི་སྣ་དེ་དག་གསོན་ཉམས་ལྡན་པ་ཞིག་བསྐྲུན་དགོས་ཚེ། སྒྲ་སྦྱོར་བས་རང་ཉིད་ཀྱི་ངག་གི་སྒྱུ་རྩལ་དང་ལས་སྒོའི་བྱང་ཆུབ་པའི་བྱང་ཚད་ལ་བརྟེན་ནས་བསྐྲུན་དགོས་པ་ལས་རྗེས་ཟློས་ཁོ་ནས་གསར་བཞེངས་བྱེད་ཐུབ་པའི་ངེས་པ་མེད། དེར་བརྟེན་འདིར་སྒྲ་སྦྱོར་གྱི་ཐབས་རྩལ་སྐོར་ཅུང་ཟད་གླེང་བར་འདོད་པ་སྟེ།
དང་པོ། བོད་སྐད་སྒྲ་སྦྱོར་གྱི་བརྒྱུད་རིམ།
མི་རིགས་གང་འདྲ་ཞིག་ཡིན་རུང་མི་རིགས་དེའི་སྐད་དང་ཡི་གེ་བེད་སྤྱོད་དང་རྒྱུན་འཛིན་བྱེད་དབང་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལོ་རབས་ལྔ་བཅུའི་དུས་དཀྱིལ་ནས་བོད་སྐད་གློག་བརྙན་གྱི་བྱ་གཞག་གཏོད་འགོ་ཚུགས་པ་རེད། 1985ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྒྲ་སྒྱུར་ཚན་པ་དངོས་སུ་བཙུགས་ནས་འཁྲབ་ཚན་སྒྱུར་མ་མང་པོ་ཞིག་བཏོན་པས། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་ལེ་ཚན་གཙོ་བོ་ཞིག་ཏུ་གྱུར་ཡོད། འཁྲབ་ཚན་སྒྱུར་མའི་ནང་ཡིག་སྒྱུར་ནི་མེད་དུ་མི་རུང་བའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དེ་ནི་ཡིག་སྐད་དམ་སྤྱི་སྐད་ཀྱི་ཐོག་ནས་ཡིག་སྒྱུར་བྱ་རྒྱུ་མ་ཡིན་པར་ལྷ་སའི་ཁ་སྐད་ཀྱི་ཐོག་ནས་ཡིག་སྒྱུར་བྱེད་དགོས་པ་ཞིག་རེད། དེ་ཡང་འཁྲབ་གཞུང་གི་ནང་དོན་དང་མི་འགལ་བའི་ཁར་མང་ཚོགས་ཀྱིས་གོ་བདེ་ལ་སྙན་ཆ་དོད་པ་དང་། འཁྲབ་གཞུང་གི་མི་སྣའི་གཏམ་བརྗོད་གནད་ལ་འཁེལ་བ། ཚིག་སྦྱོར་ལེགས་ལ་ཚིག་གི་མང་ཉུང་རན་པ། མི་སྣའི་ཁ་གདངས་བཙུམ་དང་འཚམས་པ་ཞིག་དགོས་ཀྱི་ཡོད། དེ་རྗེས་འཁྲབ་ཁྲིད་པས་འཁྲབ་གཞུང་གི་མི་སྣའི་ཁྱད་ཆོས་དང་འཚམས་པའི་སྒྲ་སྦྱོར་བ་བཀོད་སྒྲིག་བྱས་ཏེ་འཁྲབ་གཞུང་དེ་དངོས་སུ་སྒྲ་སྦྱར་དགོས་ཀྱི་ཡོད་པ་དང་། སྒྲ་སྦྱོར་བས་ཀྱང་འཁྲབ་གཞུང་གི་མི་སྣའི་ཁོར་ཡུག་དང་། འཚོ་བའི་ཆ་རྐྱེན། ལོ་ནའི་ཁྱད་ཆོས་སོགས་མདོར་ན་མི་སྣ་དེའི་གཤིས་ཀ་འབུར་དུ་ཐོན་ཕྱིར་སྐད་ཀྱི་ཉམས་འགྱུར་དང་ཆེད་ལས་ཀྱི་ཐབས་རྩལ་ལ་བརྟེན་ནས་སྒྲ་སྦྱོར་དགོས་ཀྱི་ཡོད། དེ་རྗེས་ལས་མཇུག་མི་སྣས་འཁྲབ་ཚན་གྱི་རོལ་དབྱངས་སོགས་སྒྲིག་བཟོ་བྱས་ཟིན་རྗེས་ད་གཟོད་མང་ཚོགས་ཀྱི་སྤྱན་ལམ་དུ་འཁྲབ་ཚན་སྒྱུར་མ་དེ་འབུལ་ཐུབ་ཀྱི་ཡོད།
གཉིས་པ། སྒྲ་སྦྱོར་སྐབས་ཀྱི་ཐབས་རྩལ།
བོད་སྐད་སྒྲ་སྦྱོར་ནི་སྒྲུང་གཏམ་པར་གཞི་གློག་བརྙན་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་མི་སྣའི་སྐད་ཆ་དེ་དག་བོད་སྐད་ཀྱི་ཐོག་ནས་སྒྲ་སྦྱོར་བྱེད་དགོས་པ་དང་། དེ་ཡང་དབུས་སྐད་ཤེས་པ་ཙམ་གྱིས་ལེགས་གྲུབ་བྱེད་ཐུབ་པ་ཞིག་མ་ཡིན། གང་ལགས་ཤེ་ན། བོད་སྐད་ཀྱི་སྒྲ་སྦྱོར་ནི་རིགས་པའི་གཞུང་ལུགས་ཆ་ཚང་ལྡན་པའི་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཡིན་པ་དང་། སྒྲ་སྦྱོར་བར་རྒྱ་བོད་སྐད་གཉིས་ཀྱི་ཆུ་ཚད་ངེས་ཅན་ལྡན་དགོས་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཁོང་དུ་ཆུད་པའི་ཐོག་ནས་སྒྲ་སྦྱོར་དགོས་ཀྱི་ཡོད། དེ་ཡང་སྒྲ་སྦྱོར་བས་འཁྲབ་ཚན་ནང་གི་མི་སྣའི་ཁ་འབྱེད་བཙུམ་དང་ལུས་པོའི་འགུལ་སྐྱོད། བཞིན་གྱི་རྣམ་འགྱུར། ངག་གི་སྨྲ་བརྗོད་སོགས་ལ་ལེགས་པར་བརྟག་ནས་མི་སྣའི་གཤིས་ཀ་དང་འཚམས་པའི་སྒྲ་སྦྱར་དགོས་པ་ལས་མི་སྣའི་ཁྱད་ཆོས་དང་མ་འཚམས་པའི་སྒྲ་སྦྱོར་མི་རུང་ཞིང་། ངེས་པར་དུ་མི་སྣའི་གཤིས་ཀ་དང་། སྤྱི་ཚོགས་ཀྱི་གནས་བབ། ཁྱིམ་ཚང་གི་ཁོར་ཡུག མི་སྣ་དབར་གྱི་འབྲེལ་བ་སོགས་ལ་ལེགས་པར་བརྟག་ནས་སྒྲ་སྦྱོར་དགོས་ཀྱི་ཡོད། དེ་ཡང་སྒྲ་སྦྱོར་བའི་ངོས་ནས་བརྗོད་ན། དང་ཐོག་དེ་ལ་རྒྱ་བོད་ཀྱི་རིག་གནས་རྨང་གཞི་ངེས་ཅན་ལྡན་དགོས་པ་དང་། འཁྲབ་གཞུང་གི་ནང་དོན་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་མི་སྣའི་སེམས་ཁམས་དང་སྒྲ་སྦྱོར་བ་རང་ཉིད་ཀྱི་སེམས་ཁམས་གཞི་གཅིག་ཏུ་འདྲེས་པ་བྱས་ནས་སྒྲ་སྦྱར་བ་ཙམ་ལས་མི་སྣའི་ཁྱད་ཆོས་ཡེ་ནས་མ་རྟོགས་པར་འཁྲབ་གཞུང་གི་ཚིག་ཁ་ནས་བརྗོད་པ་ཙམ་ལ་སྒྲ་སྦྱར་བ་ཞེས་བརྗོད་པ་ནི་དགོད་བྲོ་བའི་གནས་སུ་གྱུར། འཁྲབ་གཞུང་གི་མི་སྣ་དེ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མི་སྣ་གང་ཡིན་མིན་གསལ་པོ་རྟོགས་པའི་རྗེས་མི་སྣ་དེའི་ཁྱད་ཆོས་གང་ཡིན་ལེགས་པར་རྟོགས་དགོས་པ་མ་ཟད། མི་སྣ་དེའི་འཚོ་བའི་ཁོར་ཡུག་དང་། ལོ་ཚོད། གཤིས་ཀ རྒན་གཞོན། དེ་བཞིན་མི་སྣ་གཞན་དང་འབྲེལ་བ་གང་འདྲ་ཡོད་མེད་བཅས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་སྒྲ་སྦྱོར་བ་རང་ཉིད་ཀྱིས་མི་སྣ་དེ་དང་འཚམས་པའི་སྒྲ་སྦྱོར་དགོས་པ་ནི་གལ་ཆེན་པོ་ཞིག་ཏུ་མཐོང་། དཔེར་ན། 《གཉེན་སྒྲིག་དང་ལྐོག་གཡོ》ཞེས་པའི་གློག་བརྙན་ནང་ཁོ་མོས་གཱ་ཅཱ་ལཱ་ཞེས་པའི་བུད་མེད་དེར་སྒྲ་སྦྱར་བ་དང་། སྒྲ་མ་སྦྱར་གོང་དུ་མི་སྣ་དེར་དབྱེ་ཞིབ་ལེགས་པར་བྱས་ནས་ཉམ་ཆུང་བུད་མེད་དེའི་རང་གཤིས་དང་འཚོ་བའི་ཁོར་ཡུག བཟའ་ཟླ་གླེན་པ་ཞིག་དང་མཉམ་དུ་འཚོ་བ་སྐྱེལ་བའི་སྐབས་ཀྱི་དཀའ་སྡུག ཁྱིམ་ཚང་དེའི་ནང་གི་གནས་བབ། དེ་བཞིན་ལྡོག་ཕྱོགས་ཀྱི་མི་སྣ་ཁྱོ་གའི་ཨ་མ་དང་འཐབ་རྩོད་ཇི་ལྟར་བྱས་ཚུལ། མཐར་ཉམ་ཆུང་བུད་མེད་དེར་རྒྱལ་ཁ་ཐོབ་པ་སོགས་ལ་བརྟགས་རྗེས་ད་གཟོད་རང་ཉིད་ཀྱི་ངག་གི་ཉམས་འགྱུར་དང་ལུས་ཀྱི་སྟངས་སྟབས་ལ་བརྟེན་ནས་སྒྲ་སྦྱར་བ་དང་། འཁྲབ་ཚན་དེ་ཉིད་དངོས་སུ་བསྟན་རྗེས་གཟིགས་མོ་བའི་གདེང་འཇོག་ལེགས་པོ་ཐོབ་ཡོད།
གཞན་ཡང་སྒྲ་སྦྱོར་བ་ཞིག་གི་ངོས་ནས་བརྗོད་ན། འཁྲབ་གཞུང་ནང་གི་མི་སྣའི་བདེ་སྡུག་དེ་དག་རང་ཉིད་ཀྱི་དངོས་སུ་མྱོང་བ་ལྟར་སྒྲ་སྦྱོར་དགོས་ཏེ། དཔེར་ན། དགོད་བྲོའི་འཁྲབ་ཚན་ནང་མི་སྣའི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་སྒྲ་སྦྱར་བ་དེ་དག་གིས་གཟིགས་མོ་བར་དགོད་བྲོ་བའི་ཉམས་སྟོན་ཐུབ་པ་དང་། སྐྱོ་གདུང་འཕེལ་བའི་སྐབས་སུ་མིག་ཆུ་འཆོར་དགོས་པ་དང་། དཔའ་ངར་ཆེ་བའི་ཉམས་དང་ལྡན་པར་བརྗིད་ཉམས་མངོན་ཐུབ་པ་སོགས་སྒྲ་སྦྱོར་བའི་སྒྱུ་རྩལ་གྱི་བྱང་ཚད་ལ་བརྟེན་ནས་སྟོན་དགོས་པ་ལས་བྲོ་བ་མེད་པའི་ཚིག་གི་ཕུང་པོ་སྤུངས་ཀྱང་མི་སྣ་དེ་གསོན་ཉམས་ལྡན་པ་ཞིག་གསར་བཞེངས་ནམ་ཡང་བྱེད་མི་ཐུབ་བོ། དེ་ཡང་ཚིག་གི་རིང་ཐུང་དང་སྐད་ཀྱི་སྦོམ་ཕྲ། དབུགས་ཀྱི་རྒྱུ་བ། དགོད་སྒྲ། ངུ་སྒྲ་སོགས་མི་སྣའི་སེམས་ཁམས་དང་མཐུན་པའི་སྒོ་ནས་སྒྲ་སྦྱར་ཚེ་གཞི་ནས་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་ཞིག་བསྐྲུན་ཐུབ།
གསུམ་པ། སྒྲ་སྦྱོར་བའི་སྐད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་དགོས།
སྒྲ་སྦྱོར་བ་ཞིག་ཡིན་ཚེ་སྐད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་དགོས་པ་སྟེ། དེ་ཡང་རྒན་རྒོན་ལ་སྒྲ་སྦྱོར་སྐབས་སྐད་ཤུགས་ཆེ་ཆུང་གང་འདྲ་འདོན་དགོས་པ་དང་། དར་མ་དང་ཕྲུ་གུར་སྒྲ་སྦྱོར་སྐབས་སྐད་ཤུགས་ཆེ་ཆུང་གང་འདྲ་འདོན་དགོས་པ། འགུལ་རིས་པར་གཞིའི་ནང་གི་མི་སྣ་ནི་རབ་བཏགས་སམ་སྒྲོ་འདོགས་ཀྱི་རྣམ་པའི་སྒྲ་སྦྱོར་དགོས་པ་སོགས་དམིགས་བསལ་གྱི་ནུས་པ་ལྡན་དགོས་ཀྱི་ཡོད། གཞན་ཡང་། འགྲེལ་བཤད་ཀྱི་ཚིག་དང་ཁེར་ལབ། དེ་བཞིན་ཟུར་བཤད་བཅས་ལ་ཁྱད་ཆོས་གང་ཡོད་པ་མ་རྟོགས་ན་སྒྲ་སྦྱོར་བ་ཚད་ལྡན་ཞིག་མ་ཡིན་པ་དང་། སྒྲ་སྦྱོར་བ་ཞིག་གིས་མི་སྣ་གཅིག་ཁོ་ན་མ་གཏོགས་སྒྲ་སྦྱོར་མ་ཐུབ་ཚེ་དེ་ཡང་སྒྲ་སྦྱོར་བ་ཚད་ལྡན་ཞིག་ཡིན་མི་སྲིད། འཁྲབ་ཚན་གཅིག་གི་ནང་དུ་མི་སྣ་མི་འདྲ་བ་གཅིག་ནས་གསུམ་བར་ལ་ངེས་པར་དུ་སྒྲ་སྦྱོར་ཐུབ་པ་ཞིག་དགོས་ཀྱི་ཡོད། དེ་ཡང་ཁྲལ་སེལ་སླ་བཅོས་ཀྱི་སྒོ་ནས་སྒྲ་སྦྱར་བ་ཞིག་མ་ཡིན་པར་མི་སྣ་སོ་སོའི་གཤིས་ཀ་དང་ཁྱད་ཆོས་དང་འཚམས་པའི་སྒྲ་སྦྱོར་ཐུབ་པ་ཞིག་དགོས་ཀྱི་ཡོད། སྐད་ལ་འགྱུར་བ་གཏོང་བའི་ནུས་པ་ངེས་ཅན་མི་ལྡན་ན་མི་སྣ་དང་འཚམས་པའི་སྒྲ་སྦྱོར་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཏུ་མཐོང་།
མདོར་ན་སྒྲ་སྦྱོར་གྱི་ལས་དོན་པ་ཞིག་ཡིན་ཚེ། འཁྲབ་ཚན་གྱི་མི་སྣ་ལ་དབྱེ་ཞིབ་བྱེད་མཁས་པོ་དགོས་ལ་འཁྲབ་རྩལ་གྱི་ནུས་པ་ངེས་ཅན་ལྡན་དགོས་པ་དང་། འཁྲབ་ཚན་ཞིག་ལ་སྒྲ་སྦྱོར་བའི་ཚེ་སྒྲ་སྦྱོར་གཞན་དང་གཞོགས་འདེགས་བྱེད་མཁས་པོ་དགོས་ལ་ངག་གི་སྒྱུ་རྩལ་ལ་གོམས་འདྲིས་ཡང་ཡང་བྱེད་དགོས། ལྷག་པར་དུ་ཕུལ་བྱུང་གི་སྒྲ་སྦྱོར་བར་སློབ་སྦྱོང་བྱེད་དགོས་པ་མ་ཟད་རྒྱུན་དུ་གྲགས་ཅན་གྱི་འཁྲབ་ཚན་ཁག་ལ་བལྟས་ནས་རང་ཉིད་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད་སྙམ་མོ།
(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྒྲ་སྦྱོར་བ་ཚེ་སྒྲོན)
འབྲེལ་ཡོད་གསར་འགྱུར།