དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐད་རིགས་མི་ཉམས་རྒྱུན་འཛིན་གྱིས། བརྩོན་པ་ཆུ་བོའི་རྒྱུན་ལ་འགྲན།

    —— སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་གིས་ལྷོ་པའི་སྐད་རིགས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-22

    སྨན་གླིང་གྲོང་ཁྱེར་གནས་ཡུལ་ལུང་ཤུར་གྱི་སྨུག་སྤྲིན་ལང་ལོང་འཁྲིགས་པའི་རི་ཚོགས་ཁྲོད་དུ་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་སློབ་ཆུང་གནས་ཡོད། གནས་འདི་ནི་ལྷོ་པ་རིགས་འདུས་སྡོད་བྱ་ཡུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ལྷོ་པ་རིགས་ཀྱི་ཡ་གྱལ་གལ་ཆེན་ཡིན་པའི་སྤོ་དཀར་ཚོ་པའང་དེ་གར་འདུས་སྡོད་བྱེད་ཀྱི་ཡོད།

    གནའ་བོའི་གྲངས་ཉུང་མི་རིགས་མང་པོ་དང་འདྲ་བར་ལྷོ་པ་རིགས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་རིགས་ཡོད་མོད། འོན་ཀྱང་གཅིག་གྱུར་གྱི་ཡི་གེ་ཞིག་མེད་པས། ལོ་ངོ་སྟོང་གི་ལོ་རྒྱུས་དང་། ངག་རྒྱུན། བློ་གྲོས་བཅས་ཚང་མ་ངག་ནས་བརྒྱུད་པ་ཤ་སྟག་ཡིན། འོན་ཀྱང་ད་ཆ་ལྷོ་པའི་སྐད་རིགས་ཚད་ལྡན་དང་འཁོན་ཐོགས་མེད་པར་ཤོད་ཤེས་མཁན་ན་གཞོན་ཇེ་ཉུང་དུ་འགྲོ་བཞིན་ཡོད།

    “སྔོན་མ་ང་ལ་ཀོང་ཏུང་དུ་ཀེ་ལའོ་རིགས་ཀྱི་བསྲེགས་ཟས་ཚོང་ཁང་གི་སྦྱིན་བདག་ཅིག་འཕྲད་མྱོང་། ཁོང་གིས་ཀེ་ལའོ་རིགས་ལའང་སྐད་རིགས་ཡོད་ཀྱང་ཡི་གེ་མེད་པས་མི་རབས་གསར་པར་མི་རིགས་ཀྱི་སྐད་ལུགས་ཤོད་ཤེས་མཁན་ཇེ་ཉུང་དུ་ཕྱིན་པ་སོགས་ལས་ངས་ཀྱང་ཕ་ཡུལ་གནས་ཡུལ་ལུང་ཤུར་དེ་དྲན་བྱུང་། མི་རབས་གསར་པ་ཚང་མས་ལྷོ་པ་རིགས་ཀྱི་སྐད་ལུགས་ཆུ་རྒྱུག་རྒྱུག་ཤོད་ཤེས་པ་དང་ལྷོ་པའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་ཐུབ་ན་བསམ་གྱི་འདུག”ཅེས་གནས་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་གི་དགེ་རྒན་ཉི་མ་ཡིས་བཤད་པ་དང་། གསར་འགོད་པ་དང་མཉམ་དུ་སྤོ་དཀར་ལྷོ་པའི་སྐད་ཀྱི་དགའ་ཕྱོགས་སློབ་ཚན་ཚོགས་པའི་རྒྱུ་རྐྱེན་སྐོར་གླེང་སྐབས་ཁོང་གིས་ཕ་ཡུལ་གྱི་རིག་གནས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་འདུག

    ཐོག་མར་སློབ་ཁྲིད་བྱེད་སྐབས་ལམ་ལྷོངས་དེ་ཙམ་བྱུང་མེད་མོད། འོན་ཀྱང་ལྷོ་པར་སྐད་ཁོ་ན་ལས་ཡི་གེ་མེད་པས་དང་ཐོག་མ་ཉི་མས་རྒྱ་སྐད་དམ་ཡང་ན་བོད་ཡིག་གིས་སྒྲ་རྟགས་མ་རྒྱག་ཀ་མེད་བྱུང་ཡོད། དེ་ལྟར་ཡུན་རིང་སོང་རྗེས། ལྷོ་པ་རིགས་ཀྱི་སྐད་ཀྱི་ནང་དུ་རྒྱ་ཡིག་གི་སྒྲ་སྦྱོར་རམ་ཡང་ན་བོད་ཡིག་སྒྲ་གདངས་ཀྱིས་ཕབ་མི་ཐུབ་པའི་དམིགས་བསལ་གྱི་སྒྲ་གདངས་ཡོད་པས་སྒྲ་གདངས་ཕབ་སྟངས་དེ་རིགས་ཀྱིས་སློབ་མ་ཚོའི་སྒྲ་གདངས་ཚད་ལྡན་མེད་པའི་གནད་དོན་ཐོན་པ་དང་སློབ་སྦྱོང་གི་ཕན་འབྲས་དེ་ཙམ་ཐོན་གྱི་མེད།

    སྒྲ་གདངས་ཀྱི་དཀའ་གནད་སེལ་བ་ཕུད། ཉི་མས་ད་དུང་ཤང་ཡོངས་ལ་བསྐྱོད་ནས་ལྷོ་པའི་སྐད་ལུགས་ཆུ་རྒྱུག་རྒྱུག་ཤོད་ཤེས་མཁན་བགྲེས་སོང་ཚང་མར་བཅར་འདྲི་བྱས་ཏེ་སྤོ་དཀར་ལྷོ་པའི་སྐད་ཀྱི་ཐ་སྙད་དང་། གཏམ་དཔེ། དམངས་ཁྲོད་གཏམ་རྒྱུད་བཅས་རེ་རེ་བཞིན་ཟིན་འགོད་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་བྱས་ཡོད། ཁོང་གིས་རྩ་ཆེའི་དཔྱད་ཡིག་དེ་དག་པར་དང་ཡི་གེར་ཕབ་ནས་སློབ་ཆུང་སློབ་མའི་ངེས་ཤེས་ཀྱི་ཁྱད་ཆོས་དང་འཚམ་པའི་དགའ་ཕྱོགས་སློབ་ཚན་གྱི་སློབ་ཁྲིད་རྒྱུ་ཆ་བཟོས་ཏེ་སྐད་ཡིག་སློབ་སྦྱོང་བྱེད་བདེ་པོ་ཡོང་བར་བྱས་ཡོད།

    “དགའ་ཕྱོགས་སློབ་ཚན་ནི་ན་ནིང་ཟླ་8པར་སློབ་གྲྭའི་རྒྱབ་སྐྱོར་འོག་བཙུགས་པ་ཞིག་ཡིན། གཟའ་འཁོར་རེའི་གཟའ་ལྷག་པའི་ཕྱི་དྲོའི་ཚོགས་ཐེངས་བཞི་པར་སྤོ་དཀར་ལྷོ་པ་སྐད་ཀྱི་དགའ་ཕྱོགས་སློབ་ཚན་འཚོག་གི་ཡོད། གཟའ་འཁོར་རེར་སྐར་མ་30ལྷག་ཙམ་གྱི་སློབ་ཚན་ཁྲིད་བྱེད་ཀྱི་ཡོད་པས། སློབ་མ་ཚོས་ལྷོ་པའི་སྐད་ལུགས་བེད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ཉི་མས་ངོ་སྤྲོད་བྱས།

    ད་ཆ་ལྷོ་པའི་སྐད་ཀྱི་དགའ་ཕྱོགས་སློབ་ཚན་དེ་སློབ་གྲྭའི་སློབ་མ་ཚོས་དགའ་ཤོས་བྱེད་པའི་དགའ་ཕྱོགས་སློབ་ཚན་གྱི་གྲས་ཤིག་ཏུ་གྱུར་ཡོད། སློབ་གྲྭས་ཀྱང་ལྷོ་པའི་རིག་གནས་རྒྱུན་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ལྷོ་པའི་རིག་གནས་ཀྱི་གྱང་དང་ཀུན་སྤྱོད་སློབ་གསོའི་སློབ་སྦྱོང་བར་ཁྱམས་ཆེད་མངགས་བཙུགས་ནས་ལྷོ་པའི་ལོ་རྒྱུས་དང་། རྒྱན་གོས། བཟའ་བཏུང་། འཚོ་བའི་གོམས་སྲོལ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་སློབ་མ་ཚོར་མཐོང་ཐོས་མྱོང་གྲུབ་ཀྱི་སྒོ་ནས་མི་རིགས་དེ་གའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།

    “‘ཨ་ཡེ་ཀ’ཞེས་པ་ནི་སྤོ་དཀར་ལྷོ་པའི་སྐད་ནང‘ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ’ཞེས་པའི་དོན་ཡིན། ང་ཚོའི་སློབ་གྲྭའི་གླུ་གཞས་ནང་མིང་ཚིག་དེ་སྤྱད་ཡོད”ཅེས་གསར་འགོད་པ་དང་དགེ་རྒན་སྤེལ་རེས་བྱེད་སྐབས་ལོ་རིམ་བཞི་པའི་སློབ་མ་ཡ་ཤོན་གྱིས་མདུན་དུ་ཡོང་ནས་སྤོབས་པ་ཆེན་པོས་གསར་འགོད་པར་ཁོང་ཚོའི་གླུ་གཞས་ངོ་སྤྲོད་བྱས་ཤིང་། སློབ་མ་དེའི་སྙན་ཞིང་གསལ་བའི་སྐད་གདངས་ལས་རང་མི་རིགས་ཀྱི་སྐད་ལ་བཅངས་པའི་དགའ་ཞེན་ལྷག་ཏུ་མངོན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།