བདེ་ཐང་མེ་ཏོག་ས་མཐོའི་རྒྱན་དུ་བཞད།
—— རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་སྨན་དོན་མི་སྣར་སྨན་བཅོས་ལག་རྩལ་ལ་བརྩོན་ཞིབ་དང་། མི་ཆོས་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་། ཞབས་ཞུའི་རྣམ་འགྱུར་ལེགས་སུ་གཏོང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ནས་འགོ་འཛུགས་པ་དང་མང་ཚོགས་བློ་ཡིད་མི་ཚིམས་ས་ནས་སྒྱུར་བཅོས་བྱས་ཏེ་མང་ཚོགས་ཀྱི་སྨན་བཅོས་ཉམས་ལེན་ལེགས་སུ་བཏང་ནས་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་དང་མང་ཚོགས་ལ་ཕན་འདོགས་པར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་པར། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་ཞབས་ཞུའི་མ་ལག་རགས་ཙམ་ཆགས་ཡོད།
མང་ཚོགས་ལ་སྨན་བཅོས་འགན་སྲུང་བྱུང་བ།
“འབྲོག་པའི་མིག་འབྲས་བཏོན་མི་དགོས་པར་མིག་ཤེད་ཀྱང་སླར་གསོ་བྱུང་བ་མཐོང་སྐབས། དཀའ་ལས་མཐའ་དག་འཇའ་ལྟར་ཡལ་སོང”ཞེས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་རིགས་གཅིག་མཁས་ཅན་དང་པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་མིག་ནད་ཚན་ཁག་གི་སྨན་པ་ཧྥན་ཞང་གིས་དགའ་ཚོར་ཆེན་པོས་བཤད།
སྨན་པའི་དུས་ཆེན་ཞིག་གི་ཐོ་རེངས་ཆུ་ཚོད་གསུམ་པར་ཧྥན་ཞང་ལ་མིག་ནད་ཚན་ཁག་གི་འབྲོག་པ་ཞིག་གི་མིག་འབྲས་ལ་འབྲི་གཡག་གི་རྭ་ཅོ་ཟུག་པའི་རྐྱེན་གྱིས་མིག་ནད་ཚན་ཁག་གི་རིམ་བཞིའི་གཤགས་བཅོས་བྱེད་དགོས་ཀྱི་འདུག་ཅེས་པའི་ཁ་པར་ཞིག་འབྱོར། ཐོ་རེངས་སུ་ལྷ་སའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10མན་ཆག་པས་འགོག་སྲུང་གྱོན་གོས་ཀྱིས་གྲང་ངར་འགོག་ཐབས་བྲལ། ཧྥན་ཞང་གིས་གསོ་རླུང་མི་འདང་བའི་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ་གོམ་སྟབས་མགྱོགས་པོས་གཤགས་བཅོས་ཁང་དུ་བསྐྱོད་ནས་གསོ་རླུང་ཁམ་ཁ་ཤས་རྔུབ་རྗེས་གཤགས་བཅོས་བྱེད་འགོ་བཙུགས། ཆུ་ཚོད་2སོང་རྗེས་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།
དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ལིའུ་ཀྲི་ཡིས་ཕྱོགས་བསྡུས་ཕྱི་ནད་ཚན་ཁག་གི་ནད་ཐོག་སྐྱོབ་བཅོས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། ཁ་སྦུག་ཚན་ཁག་གི་རིགས་གཅིག་མཁས་ཅན་ཀྲང་ཝུན་པོ་ཡིས་ཀྱང་གཤགས་བཅོས་ཀྱི་དཀའ་གནད་དང་ཉེན་ཁ་ཧ་ཅང་ཆེ་བའི་ལྗོངས་ཡོངས་ཀྱི་མགོ་མཐིལ་གྲེ་འགྲམ་གྱི་སྐྲན་ནད་གཤགས་བཅོས་ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད།
དཀའ་ཚེགས་ཆེ་བའི་གཤགས་བཅོས་རབ་དང་རིམ་པ་ལེགས་གྲུབ་བྱུང་བ་དང་དེ་བཞིན་ལག་རྩལ་གསར་པ་སྤེལ་ཐུབ་པ་ནི་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོའི་རྩེར་སོན་གྱི་ལག་རྩལ་དང་ཁ་འབྲལ་ཐབས་མེད་ལ། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་མི་དམངས་ལ་ནད་གཞི་བཅོས་པའི་འགན་འཁྲིའི་བསམ་པ་དེ་བས་མཚོན་གྱི་ཡོད།
བོད་བྱང་ཐང་གི་མང་ཚོགས་ལ་བྱམས་སེམས་ཆེན་པོ་བཅངས་པ།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མཚོ་དམར་ཤང་གྲོང་ཚོ་གསུམ་པའི་ས་བབ་སྨི་4800ཡན་ཟིན་པ་དང་གནམ་གཤིས་ཧ་ཅང་གྲང་། ས་གནས་དེ་གའི་མང་ཚོགས་མི་རབས་ནས་མི་རབས་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས། སྡོད་གནས་ཁ་ཐོར་ཡིན་ལ་འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད། དེ་སྔ་དེ་གར་སྨན་པ་དང་སྨན་དཀོན་པར་བརྟེན་མང་ཚོགས་སྨན་པ་བསྟེན་དཀའ་ལ་ཕྱིར་སྨན་བཅོས་བྱེད་པར་སྐྱོད་སྐབས་དེ་བས་སྟབས་བདེ་པོ་མེད།
ཡིན་ནའང་1998ལོར་ནག་ཆུ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཨ་མདོའི་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ“སྨུག་པོ་གཟེར་འཇོམས”ཀྱི་རྒྱུན་འཛིན་པ་མི་རབས་ལྔ་པ་ཨོ་རྒྱན་འཇིགས་མེད་དེ་གར་གྲོང་ཚོའི་སྨན་པ་བྱེད་པར་ཡོང་རྗེས་གནས་ཚུལ་དེ་རིགས་ལེགས་སུ་ཕྱིན་ཡོད།
“ཁོང་གིས་ཐོག་མཐའ་བར་གསུམ་དུ་ནད་པའི་བདེ་སྡུག་ཨང་དང་པོར་བཞག་ནས་ང་ཚོའི་ན་ཚ་སེལ་བ་དང་ཞབས་ཞུ་ལེགས་སུ་གཏོང་གི་ཡོད། ང་ཚོ་ཁོང་དང་ཁ་འབྲལ་ཐབས་མེད” དེ་གའི་མང་ཚོགས་དང་ཕྱི་ནས་ཡོང་བའི་ནད་པ་ཚོས་ཨོ་རྒྱན་འཇིགས་མེད་ལ་མཐེ་བོང་བསྒྲེངས་ནས་ཁོང་ལ་གོས་དར་མང་པོ་ཕུལ་ཡོད།
ཁས་ལེན་དང་གཟི་བརྗིད་དེ་དག་ནི་ཨོ་རྒྱན་འཇིགས་མེད་ཀྱིས་ལོ་28ཉིན་གཅིག་ལྟར་བརྟན་སྲུང་བྱས་པ་ལས་བྱུང་། ལོ་28རིང་ཁོང་གིས་རྟ་བཞོན་ནས་རང་གྲོན་བཏང་སྟེ་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་སྤྱད་ནས“སྨན་པའི་བྱམས་སེམས”ཀྱི་ས་བོན་བྱང་རྩྭ་ཐང་གི་ས་ཕྱོགས་གང་སར་བཏབ་ཡོད།
2024ལོར་ཁོང་ལ་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
རིག་གཞུང་ཚན་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།
2014ལོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་དབང་རྩའི་ཕྱི་ནད་ཚན་ཁག་གི་མཁས་དབང་གྲགས་ཅན་དགེ་རྒན་ཆེ་མོ་བ་ཀྲའོ་ཅི་ཙུང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྨན་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དཀའ་ཚེགས་ཆེ་བའི་ཀླད་སྐྱིའི་འབྲས་སྐྲན་གཤགས་བཅོས་ཐོག་མ་ལེགས་སྒྲུབ་བྱས་པ་རེད། སྐབས་དེར་ནད་པའི་ཀླད་སྐྱིའི་འབྲས་སྐྲན་དེ་མགོ་མཐིལ་དུ་སྐྱེས་ནས་མཐོང་བྱེད་དབང་རྩར་གནོན་ཤུགས་ཐེབས་ཤིང་། གཤགས་བཅོས་ཀྱི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ཡོན་ཧྲི་ཀྲའོ་ཅི་ཙུང་གི་སྣེ་ཁྲིད་འོག་གཤགས་བཅོས་བདེ་བླག་བྱུང་ལ་ནད་པ་ཡང་དྲག་སྐྱེད་ཡག་པོ་བྱུང་ཡོད།
“སྐབས་དེ་དུས་ནད་པའི་ནང་མི་དགའ་ཐག་ཆོད་ནས་མིག་ཆུ་ཤོར་སོང་། ངས་ཁོང་ཚོའི་ཡིད་ཆེས་ཚོར་བྱུང་ལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་བོད་ཀྱི་མི་སེར་ལ་བདེ་ཐང་འགན་ལེན་དེ་བས་མང་བ་བྱ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་སྐལ་བཟང་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།
1998ལོར་སྐལ་བཟང་དོན་གྲུབ་དངོས་གཞིའི་ཚན་ཁག་ནས་ཐོན་ཏེ་ལས་ཀར་ཞུགས་རྗེས་རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་བསྐྱོད་ནས་དགེ་རྒན་ཆེ་མོ་བ་ཀྲའོ་ཅི་ཙུང་གི་ཞབས་ལ་བརྟེན་ཏེ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་བླངས། སློབ་དཔོན་གྱི་མཛུབ་ཁྲིད་འོག་ཁོང་གིས་རྩེར་སོན་གྱི་ལག་རྩལ་དང་འདུ་ཤེས་མང་པོ་ཁོང་དུ་ཆུད།
2014ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་ནད་ཚན་ཁག་ཏུ་རང་ཚུགས་ནད་ཁུལ་བཙུགས་པ་དང་སྐལ་བཟང་དོན་གྲུབ་དབང་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་དང་པོར་གྱུར། སྨན་ཁང་གི་རྒྱབ་སྐྱོར་འོག་ལས་རོགས་ཚོ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། དབང་རྩའི་ཕྱི་ནད་ཚན་ཁག་གི་སྟོབས་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཡོད།
ཡོན་ཀྲང་དུ་གྱུར་རྗེས། སྐལ་བཟང་དོན་གྲུབ་ཀྱིས་ནད་ཐོག་སྨན་བཅོས་དང་ཚན་ཞིབ་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་སེམས་ནུས་ཡོད་ཚད་སྨན་ཁང་འཕེལ་རྒྱས་དོན་དུ་འདོན་བཞིན་ཡོད། ལོ་དེ་དག་རིང་སྨན་ཁང་གི་ལས་སྒོའི་ནུས་པ་དང་། ཞབས་ཞུའི་སྤུས་ཚད། དོ་དམ་ལས་ཕྱོད་སོགས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། 2024ལོར་ཁྱོན་མི་ཐེངས་ཁྲི་17ཙམ་ལ་སྨན་བཅོས་བྱས་པ་དེ་2019ལོའི་མི་ཁྲི་9ལས་80%ཙམ་འཕར་ཡོད། སྤྱིའི་གཤགས་བཅོས་བྱེད་ཚད་1600ལྷག་ཙམ་ཟིན་པ་དེ་2019ལོ་ལས་41%འཕར་ཡོད། སྨན་ཁང་གི་རང་ཚུགས་ཚན་ཁག་14ནས་25བར་མང་དུ་ཕྱིན་པ་དང་རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་3ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།