རིག་གནས་སྤེལ་རེས་ཀྱི་མཐོང་སྣེ་ནས་ཁུ་ནུ་རིག་གནས་ཀྱི་ནང་དོན་རགས་ཙམ་གླེང་བ།
ཁུ་ནུ་རིག་གནས(昆仑文化)ནི་གནམ་དང་ས། མི་གསུམ་གྱི་འབྲེལ་བ་གཞིར་བྱས་པའི་ས་ཁམས་དང་། ལྷ་སྒྲུང་། འཇིག་རྟེན་ལྟ་བ། མི་རིགས་ཀྱི་གཏོགས་སེམས་སོགས་གཞི་གཅིག་ཏུ་འདུས་པའི་རིག་གནས་མ་ལག་ཞིག་ཡིན་ཞིང་། རྒྱ་བོད་སོགས་མི་རིགས་མང་པོའི་རིག་གནས་འཕེལ་རིམ་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད་པ་མ་ཟད། རང་རྒྱལ་གྱི་མི་རིགས་མང་པོའི་གནའ་བོའི་དུས་ཀྱི་རིག་གནས་འབྲེལ་འདྲིས་དང་ཤེས་དཔལ་ཕན་ཚུན་སྤེལ་རེས་མཉམ་འདྲེས་ཀྱི་གྲུབ་ཆ་ཞིག་ཀྱང་ཡིན་པས་ན། ཁུ་ནུ་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ད་ལྟའི་གནས་སྟངས། གཏིང་ཟབ་པའི་མཚོན་དོན་སོགས་ལ་ཞིབ་འཇུག་ལེགས་པར་བགྱིས་ན། རང་རྒྱལ་གྱི་མི་རིགས་སྣ་མང་གཞི་གཅིག་གི་འཕེལ་རིམ་དང་ངོ་བོའི་རང་བཞིན་ལ་ངེས་ཤེས་ལེགས་པོ་འདྲོངས་ཐུབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་རིག་གནས་ཀྱི་རྨང་གཞི་སྲ་བརྟན་ཞིག་འདིང་བར་ཕན་ཐོགས་ཆེན་པོ་ཡོད།
དང་པོ། གནའ་བོའི་ཡིག་ཚང་དུ་བྱུང་བའི་ཁུ་ནུ་རིག་གནས།
སྤྱིར་ཁུ་ནུ་རིག་གནས་ལ་གནམ་གྱི་ཁུ་ནུ་རིག་གནས་དང་། ས་ཡི་ཁུ་ནུ་རིག་གནས། མིའི་ཁུ་ནུ་རིག་གནས་ཏེ་རིམ་པ་གསུམ་དུ་འདུ་བ་དང་། གནའ་རབས་ཀྱི་བསྟན་བཅོས་མང་པོར་ཁུ་ནུ་རིག་གནས་བྱུང་ཡོད་ལ། ལྷག་པར་དུ་རྒྱ་ཡིག་གི་གནའ་བོའི་བསྟན་བཅོས་གྲགས་ཅན《རི་ཆུའི་བསྟན་བཅོས》(山海经)སུ་ཁུ་ནུ་རིག་གནས་སྐོར་ཐེངས་ཉི་ཤུ་ལྷག་ཐོན་ཡོད་ཅིང་། དེར་ཁུ་ནུ་ནི་འཇིག་རྟེན་གྱི་ལྟེ་བ་དང་ཆུ་བོ་མང་པོའི་འགོ་ཁུངས་སོགས་ཡིན་པར་བཤད་པ་མ་ཟད། ཁུ་ནུ་ཞེས་པའི་གནས་ནི“གོང་མས་ས་རུ་བཙུགས་པའི་རྒྱལ་ས་ཡིན”ཞེས་བྲིས་པ་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཡོད་པ་ངོ་སྤྲོད་བྱས། གནས་ཁྱད་འཕགས་དེའི་དབྱིབས་དང་རྣམ་པའི་སྐོར་ལའང《རི་ཆུའི་བསྟན་བཅོས》སུ། ཁུ་ནུ་ནི“འོད་ཟེར་རབ་ཏུ་འཕྲོ་བ་དང་། སྤྲིན་དཀར་དབྱིངས་སུ་མཆེད་པ། བརྗིད་ཉམས་དང་ལྡན་པ་ཞིག་ཡོད”ཅེས་བྲིས་ཤིང་། རང་རྒྱལ་གྱི་ཆུ་བོ་མང་པོའི་འབྱུང་ཁུངས་སུ་འདོད། ལྷག་པར་དུ“རྨ་ཆུ་ནི་ཁུ་ནུ་རི་བོའི་བྱང་ཕྱོགས་ནས་བཞུར་ཅིང་། རིམ་བཞིན་ལྷོ་ནུབ་ཏུ་དཀྱོགས་ཏེ་པོ་ཧའེ་རྒྱ་མཚོར་འབབ་པའི”སྐོར་བྲིས་ཡོད། 《རི་ཆུའི་བསྟན་བཅོས》སུ་བྱུང་བའི་ཁུ་ནུ་རི་བོའི་མིང་དང་། ས་ཁམས་ཆགས་ཚུལ། ཆུ་བོ་མང་པོའི་འབྱུང་ཁུངས། རི་བོའི་ཁྱད་ཆོས་བཅས་ལས་ཁུ་ནུ་རི་བོ་དང་ཁུ་ནུ་རིག་གནས་ཀྱི་ཆེས་ཐོག་མའི་ངོ་བོ་དང་རྟགས་མཚན་སོགས་གསལ་བཤད་བྱས་ཡོད། ཕྱིས་འབྱུང་གི་ལྷ་སྒྲུང་དག་ནི་གནའ་མིས་ས་ཁམས་རྣམ་པ་གཞིར་བྱས་ནས་རྟོགས་བཟོ་བྱས་པའི་འཆར་ཡན་རྣམ་པའི་འགྲེལ་བཤད་རྒྱག་སྟངས་ཤིག་ཡིན་ལ། རིམ་བཞིན་ཁུ་ནུ་རིག་གནས་དང་འབྲེལ་བའི་འདུ་ཤེས་མང་པོ་བྱུང་སྟེ། ལ་ལས་ཡར་སྔོན་གྱི་བསྟན་བཅོས་སུ་འཁོད་པའི་ས་ཁམས་ཆགས་ཚུལ་ལྟར་ཁུ་ནུ་ཞེས་པ་ནི་རང་རྒྱལ་གྱི་ནུབ་བྱང་ཁུལ་དུ་དངོས་སུ་ཡོད་པའི་རི་རྒྱུད་ཅིག་ཏུ་འདོད་པ་ཡང་མང་།
གཉིས་པ། བོད་ཀྱི་དམངས་སྲོལ་རིག་གནས་དང་ཁུ་ནུ་རིག་གནས།
《རི་ཆུའི་བསྟན་བཅོས》སུ་བྱུང་བའི་ཁུ་ནུ་ཞེས་པའི་ས་ཁམས་དང་དེར་གནས་པའི་སྲོག་ཆགས་ཁྱད་མཚར་དག་ནི། བོད་ཀྱི་གནའ་མིའི་རང་བྱུང་ཁམས་ལ་ངོས་ཇི་ལྟར་འཛིན་པ་དང་། དམིགས་བསལ་གྱི་སྲོག་ཆགས་རྣམ་པ། མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལྟར་འཚོ་བ་རོལ་བའི་འདུ་ཤེས་འཛིན་སྟངས་སོགས་བཀོད་པའི་བོད་ཡིག་གནའ་དཔེ《ས་བདག་འབུམ》གྱི་ནང་དོན་དང་མཐུན་ཆ་ཆེན་པོ་ཡོད་དེ། དཔེར་ན། 《རི་ཆུའི་བསྟན་བཅོས》དང《ས་བདག་འབུམ》གཉིས་སུ་གནའ་བོའི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཇི་ལྟར་ངོས་འཛིན་པའི་གོ་རིམ་བྲིས་ཡོད་ཅིང་། གོ་རིམ་དེ་ཡང་དམིགས་བསལ་གྱི་སྲོག་ཆགས་འབྲི་བཞེངས་དང་གསར་གཏོད་ཀྱི་ཐབས་ལ་བརྟེན་ནས་བརྗོད་ཡོད། ཡིག་ཚང་འདི་གཉིས་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས་ནི་ང་ཚོ་མིའི་རིགས་ཀྱི་ད་ལྟའི་མཐོང་ཚོར་ལས་འདས་པའི་སྲོག་ཆགས་ཀྱི་རྣམ་པ་འབྲི་བཞེངས་དང་ས་ཁམས་ཞིབ་འབྲི་བྱས་ཡོད་དེ། 《རི་ཆུའི་བསྟན་བཅོས》སུ་ཁུ་ནུའི་ཡུལ་དུ་མིའི་མགོ་བོ་ལ་ཝ་ཡི་ལུས་པོ་དང་མཇུག་མ་ཅན་ལྟ་བུའི་སྲོག་ཆགས་ཡོད་པ་དང་། དེ་དག་མངོན་སུམ་དུ་བྱུང་ན་ཆར་ཆུ་དུས་སུ་འབབ་མིན་དང་ཐན་པ་འབྱུང་མིན་སོགས་ཀྱི་སྔ་ལྟས་ཡིན་པའི་སྐོར་བཀོད་ཅིང་། 《ས་བདག་འབུམ》དུའང་གོང་དང་འདྲ་བར་དམིགས་བསལ་སྲོག་ཆགས་སྟག་གི་མགོ་བོ་དང་མིའི་ལུས་པོ་ཅན་སོགས་བྲིས་པ་ལ་བརྟེན་ནས་མ་འོངས་པར་ལོ་ལེགས་འབྱུང་མིན་དང་། ཕྱུགས་རིགས་ཤ་ཤེད་རྒྱས་མིན། ནད་རིགས་བྱུང་མིན་སོགས་ལ་བརྟགས་པའི་སྣང་ཚུལ་བྲིས་ཡོད། ཡིག་ཚང་དེ་གཉིས་ནི་བོད་རྒྱ་མི་རིགས་གཉིས་ཀྱི་གནའ་བོའི་འདུ་ཤེས་བཀོད་པའི་དེབ་ཡིན་ཡང་། ལྷན་ཅིག་ཏུ་དམིགས་བསལ་གྱི་སྲོག་ཆགས་རྣམ་པ་དང་ཁྱད་མཚར་གྱི་ས་གཤིས་ཞིབ་འབྲིར་བརྟེན་ནས་གདོད་མའི་མི་རྣམས་ཀྱི་ཐོན་སྐྱེད་དང་། འཚོ་བ། རང་བྱུང་ཁམས་ཀྱི་སྣང་ཚུལ་སོགས་བརྗོད་བཞིན་ཡོད། ལྷག་པར་དུ་སྲོག་ཆགས་རིགས་མང་པོའི་ཁྱད་ཆོས་གཟུགས་དབྱིབས་གཞི་གཅིག་ཏུ་འདུས་པའི་དམིགས་བསལ་སྲོག་ཆགས་དེ་དག་ནི་མིའི་བློ་ཡུལ་ལས་འདས་པའི་ནུས་པ་ལ་བརྟེན་ནས་མིའི་རིགས་ལ་འཚོ་གནས་ཀྱི་ཐབས་ལམ་སྟོན་པར་ཡིད་ཆེས་བྱེད། དེ་ནི་སྤྱིར་མིའི་རིགས་ཀྱི་འཕེལ་རིམ་ཁྲོད་དུ་ཕྱི་རོལ་གྱི་དངོས་པོ་ཡོད་ཚད་ལ་བླ་སྲོག་དང་ཁྱད་འཕགས་ཀྱི་མཐུ་ནུས་ཡོད་པར་བརྗོད་པའི་ཤེས་རིག་གི་འཕེལ་རིམ་ཞིག་ཡིན་ལ། སྒོས་སུ་བོད་རིགས་དང་རྒྱ་རིགས་སོགས་འདུས་པའི་རང་རྒྱལ་གྱི་གནའ་བོའི་མི་རིགས་མང་པོས་ལྷ་སྒྲུང་དང་རྟོག་བཟོའི་རྣམ་པ་བརྒྱུད་ནས་རང་བྱུང་ཁམས་ལ་ཤེས་རྟོགས་དང་། ཡང་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་དབུས་སུ་མིའི་རིགས་རང་ཉིད་ཀྱི་གནས་སྟངས་དང་གནས་བབ་ལ་ངོས་འཛིན་བྱེད་པའི་ལག་ལེན་ཞིག་ཀྱང་ཡིན། ཁུ་ནུ་རིག་གནས་ནི་དེ་ལྟར་དུ་གནའ་བོའི་ཤེས་རིག་གི་འཕེལ་རིམ་མཚོན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་ཏེ། ཁུ་ནུ་རིག་གནས་དང་འབྲེལ་བའི་ལྷ་སྒྲུང་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་མཚོན་པ་དང་གནའ་མིའི་འཚོ་གནས་ཀྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་སྡོམ་བྱས་ཁར། གདོད་མའི་ལོ་རྒྱུས་དང་སྲོག་ཆགས་བྱུང་རིམ་བསྐྱར་བརྟག་བྱེད་པ་སོགས་ཀྱི་ནང་དོན་འབོར་ཆེན་འདུས་པ་མ་ཟད། རང་རྒྱལ་གྱི་མི་རིགས་མང་པོའི་རིག་གནས་ཁྲོད་དུའང་ཁུ་ནུ་དང་འབྲེལ་བའི་རིག་གནས་ཤིག་གཏན་ཆགས་སུ་གྲུབ་ཡོད་པ་ཡིན།
མཇུག་བསྡུ་བ།
ཁུ་ནུ་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་འགྱུར་ལྡོག་མང་པོ་བྱུང་མྱོང་ཞིང་། གནམ་དང་། ས། མི་གསུམ་གྱི་འབྲེལ་བ་བརྗོད་པའི་རིག་གནས་ཤིག་ཡིན། གནའ་བོའི་ཡིག་ཆའི་ནང་དུ་ཁུ་ནུ་རིག་གནས་ནི་ཁུ་ནུ་རི་བོ་ལས་བྱུང་ཞིང་། རི་བོ་དེ་འཇིག་རྟེན་གྱི་ལྟེ་བ་དང་ཆུ་བོ་མང་པོའི་འགོ་ཁུངས་སོགས་སུ་གཏན་འཁེལ་བྱས་ལ། མི་རིགས་མང་པོའི་རིག་གནས་ཁྲོད་དུ་དར་ཁྱབ་བྱུང་ཡོད་པས། ཁུ་ནུ་རིག་གནས་ཞིབ་འཇུག་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཕུན་སུམ་ཚོགས་པའི་རང་བཞིན་གསལ་སྟོན་བྱས་པ་ཞིག་དང་། མི་རིགས་མི་འདྲ་བའི་རིག་གནས་སྤེལ་རེས་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་བརྟན་དུ་གཏོང་བའི་དཔེ་མཚོན་གལ་ཆེན་ཞིག་ཀྱང་རེད།
(སྨོན་ལམ་བརྩོན་འགྲུས། བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་། དཔྱད་རྩོམ་འདི་ནི་སློབ་གསོ་པུའི་ཁུ་ནུ་རིག་གནས་ཀྱི་གཟུགས་བརྙན་མཚོན་རྟགས་དང་གསར་གཏོད་ཁྱབ་སྤེལ་ཞིབ་འཇུག“ཆོག་མཆན་ཨང་རྟགས་2024JZDZ069”གི་དཔྱད་འབྲས་ཡིན)
འབྲེལ་ཡོད་གསར་འགྱུར།