གཞིས་རྩེ་གྲོང་ཁྱེར་ཆི་ལུའུ་མཐོ་རིམ་སློབ་འབྲིང་གིས།
“དགེ་རྒན་ཆུང་ཆུང་གིས་ཕན་ནུས་ཆེན་པོ་ཐོན་པའི”བྱེད་སྒོ་སྤེལ་བ།
སློབ་གསོ་སློབ་ཁྲིད་བྱེད་སྟངས་གསར་པ་བཏོད་ནས་སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་བྱེད་སྟངས་ཤིག་གཏོད་ཆེད། གཞིས་རྩེ་གྲོང་ཁྱེར་ཆི་ལུའུ་མཐོ་རིམ་སློབ་འབྲིང་གིས“དགེ་རྒན་ཆུང་ཆུང་གིས་ཕན་ནུས་ཆེན་པོ་ཐོན་པའི”སློབ་མ་གསོ་སྐྱོང་བྱེད་སྒོ་2024ལོའི་ཟླ་བཅུ་གཅིག་པར་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་། སློབ་མའི་རང་བརྟེན་སློབ་ཁྲིད་ལས་སྟེགས་ལ་བརྟེན་ནས། སློབ་ཁང་གི་སློབ་ཁྲིད་བྱེད་སྟངས་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་དང་སློབ་མ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བར་རམ་འདེགས་བྱས་ཏེ། དགེ་སློབ་གཉིས་འཕེལ་གྱི་མི་སྣ་སྐྱོང་སྟངས་ཀྱི་ཕན་ནུས་ཐོན་པར་བྱས་ཡོད། མིག་སྔའི་བར་བྱེད་སྒོ་དེ་མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་འཛིན་གྲྭ་ཚང་མར་སྤེལ་བཞིན་ཡོད་ཅིང་། སློབ་མ་ཁག་དང་ཁག“དགེ་རྒན་ཆུང་ཆུང”དུ་གྱུར་ནས་འཆད་སྟེགས་སུ་རང་ཉིད་ཀྱི་འཇོན་ཐང་གང་ལེགས་ངོམ་ཡོད།
བྱེད་སྒོ་སྤེལ་བ་ནས་བཟུང་། མི་སྣ་སྐྱོང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། སློབ་མའི་བསམ་པའི་ཉམས་འགྱུར་ཡང་ཡོངས་སུ་མངོན་ཡོད། དེ་བཞིན་རྒྱ་ཆེའི་སློབ་མའི་སློབ་སྦྱོང་བྱེད་སེམས་ཀྱང་གཞན་སྐུལ་ནས་རང་འགུལ་དུ་གྱུར་བ་དང་། རང་བརྟེན་སློབ་སྦྱོང་དང་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་རིམ་བཞིན་རྒྱུད་ལ་འཇགས་ཡོད།
དེ་དང་དུས་མཚུངས་དགེ་སློབ་གཉིས་ཀར་ཡར་རྒྱས་དང་ཕན་ཐོགས་བྱུང་ཡོད་ཅིང་། སློབ་གྲོགས་ན་ཟླས་སློབ་ཁྲིད་བྱེད་སྐབས་ཉན་སྤྲོ་ལ་གོ་བ་སྔར་བས་གཏིང་ཟབ་པ་ལེན་ཐུབ་ཀྱི་ཡོད་པ་དང་། སློབ་ཁྲིད་དགེ་རྒན་ཡང་ཤེས་བྱ་ཡོན་ཏན་སློབ་མཁན་འབའ་ཞིག་ནས་སློབ་ཁང་ནང་མཛུབ་སྟོན་བྱེད་མཁན་དང་གཞོགས་འདེགས་བྱེད་མཁན་ཞིག་ཏུ་གྱུར་ཡོད། མཐོ་འབྲིང་ལོ་རིམ་དང་པོའི་རྩིས་རིག་དགེ་རྒན་ལྷག་པ་བཀྲ་ཤིས་ཀྱིས“དགེ་རྒན་ཆུང་ཆུང”གིས་སློབ་ཁྲིད་བྱེད་པའི་རྣམ་པ་དེས་སློབ་མའི་རང་འགུལ་གྱི་བསམ་པར་སྐུལ་སློང་གང་ལེགས་ཐུབ་པ་དང་། དགེ་རྒན་གྱིས་སློབ་མའི་ཤེས་བྱ་ཁོང་དུ་ཡག་པོ་ཆུད་མེད་ས་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་རྟོགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་ཁྲིད་དང་མཛུབ་སྟོན་བྱེད་ཐུབ་པས་སློབ་ཁྲིད་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་ཐུབ་ཀྱི་འདུག་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།