དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ལེགས་སུ་ཇི་ལྟར་གཏོང་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བར་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་དགོས་རྒྱུ་ནི་ཧ་ཅང་གལ་ཆེ། སློབ་གསོའི་ཆ་རྐྱེན་སྔོན་ཐོན་དང་། སྒྲིག་གཞི་ཚགས་དམ་པ། སྒྲིག་ཆས་འཐུས་སྒོ་ཚང་བ་ཞིག་ཡོད་ན། སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་ངེས་རེད། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་དང་མི་དམངས་ཀྱི་རེ་བ་བཅོལ་ཡུལ་ཡིན་པས། ང་ཚོས་ངེས་པར་དུ་ཁོ་ཚོའི་ཤེས་རིག་དང་ཀུན་སྤྱོད། གཟུགས་གཞི་སོགས་ཕྱོགས་ཡོངས་བདེ་ཐང་ངང་འཚར་ལོངས་ཡོང་བར་དམིགས་ཏེ་སློབ་གསོ་གཏོང་རྒྱུ་ནི་རྣམ་པ་ཙམ་དང་དུས་ཐུང་ཙམ་མིན་པར་རྒྱུན་རིང་རང་བཞིན་གྱི་དོན་ཆེན་ཞིག་ཏུ་བརྩིས་ནས། དེར་མཐོང་ཆེན་དང་ཤུགས་སྣོན་ཡང་ཡང་རྒྱག་དགོས་པ་ཡིན།

    དང་པོ། བོད་སྐད་ཡིག་གི་སློབ་ཁྲིད་ལ་ཡང་དག་པའི་ལྟ་བ་འཛིན་དགོས།

    སློབ་གསོ་ནི་ཤེས་བྱ་བརྒྱུད་སྤྲོད་ཀྱི་གོ་རིམ་ཞིག་རེད་ལ། སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བའི་འདུ་འགོད་ཅིག་ཀྱང་རེད། དེས་མ་ཚད་མི་རབས་རྗེས་མར་ཕན་འདོགས་པ་དང་བདེ་རྩ་སྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་སྟབས། ང་ཚོས་སློབ་གསོར་བརྟེན་ནས་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ་སོགས་ཕྱོགས་གང་ཅིའི་ཐད་གཟེངས་སུ་ཐོན་པའི་སློབ་མ་གསོ་སྐྱོང་བྱེད་དགོས། སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱང་དེ་ལྟར་ཡིན་ཏེ། བོད་སྐད་ཡིག་སློབ་ཁྲིད་བྱས་པ་བརྒྱུད་སློབ་མའི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། རིག་སྟོབས་འཕེལ་བ། བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ། བློ་རིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་བཅས་བྱས་ནས། ཕྱིས་འབྱུང་སློབ་མ་རྣམས་སྤྱི་ཚོགས་འཚོ་བའི་ཁྲོད་འཇོན་ཐང་ལྡན་པ་དང་། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མི་སྣ་ཞིག་ཏུ་གྱུར་བར་བྱེད་དགོས།

    དེས་ན། ང་ཚོས་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་རིང་དམིགས་ཡུལ་འདི་རྩ་བར་འཛིན་ནས། སློབ་ཚན་ཁྲོད་ཀྱི་མི་སྣ་ཕུལ་བྱུང་དང་། དཔའ་བོ། སྤྱོད་བཟང་བ། གསར་གཏོད་པ་སོགས་ཀྱི་སྔོན་ཐོན་མཛད་རྗེས་དང་ཁོང་ཚོའི་ཡ་རབས་གཞུང་དྲང་གི་གཤིས་སྤྱོད་དང་། དཀའ་སྤྱད་ཁུར་དུ་བཟོད་པ་དང་ཕམ་ཁར་མི་སྐྲག་པ། བདེན་པའི་རྒྱབ་ལངས་བྱེད་ཕོད་པ་སོགས་ཀྱི་སྙིང་སྟོབས་དང་སྤྱོད་བཟང་སློབ་མར་རྒྱས་བཤད་བྱས་ཏེ། སློབ་མར་ཆུང་དུས་ནས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་དང་། སློབ་ཆུང་བོད་སྐད་ཡིག་བསླབ་གཞིའི་ནང་གི་ལེགས་བཤད་དང་། གཏམ་དཔེ་སོགས་སློབ་མར་བློ་འཛིན་བྱེད་དུ་འཇུག་པ། ཀྲུང་གོའི་མི་རིགས་སུ་ཞིག་ཡིན་རུང་སྐད་ཡིག་ནི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྩ་བ་ཡིན་པ་དང་། སྐད་ཡིག་བརྒྱུད་དེ་ཏང་གི་མི་རིགས་སྲིད་ཇུས་འགྲེལ་བཤད་དང་། སྐད་ཡིག་བརྒྱུད་དེ་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་འདི་ཉིད་སྟོབས་འབྱོར་མངའ་ཐང་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། 

    གཉིས་པ། བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་བྱ་ཐབས་སྐོར།

    སློབ་ཆུང་སློབ་མའི་སེམས་ཁམས་དྭངས་ཤིང་གཙང་ལ་ལྷད་མེད་པ་ཞིག་ཡིན་པས། ཁོང་ཚོའི་གཟུགས་པོ་དང་། ཤེས་རིག ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་ཕན་པའི་སློབ་གསོ་སློབ་ཁྲིད་ཀྱི་ལས་འགན་ནི་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཅན་ཞིག་ཡིན། དེར་བརྟེན་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་ཡོང་ཕྱིར། དང་ཐོག་མའི་ཁྱིམ་ཚང་གི་སློབ་གསོ་རྨང་གཞིར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་ཆོས་དང་། ཀུན་སྤྱོད་སློབ་གསོ། སྒྲིག་ཁྲིམས་སློབ་གསོ། སློབ་སྦྱོང་སློབ་གསོ་སོགས་ནས་འགོ་བརྩམས་ཏེ། རིམ་བཞིན་འཇིག་རྟེན་ལྟ་བའི་སློབ་གསོ་དང་རྒྱལ་གཅེས་ལྟ་བའི་སློབ་གསོ་སོགས་རྒྱག་རྒྱུ་གནས་བབ་གལ་ཆེན་ཞིག་ཏུ་འཇོག་དགོས།

    སློབ་ཆུང་སློབ་ཁྲིད་རྩ་འཛིན་ནང་གཏན་འབེབས་བྱས་པ་བཞིན་སློབ་ཞུགས་སློབ་མར་བོད་ཀྱི་ཡི་གེའི་སྒྲ་སྦྱོར་སྟངས་ཐད་ཀྱི་དབྱངས་དང་། གསལ་བྱེད། ལོག་ཡིག མཐུག་ཡིག་སོགས་སྦྱོར་ཀློག་སྒྲ་དག་པོ་དང་། གསལ་པོ། བྱང་པོ་ཤེས་པའི་རྨང་གཞིའི་ཐོག བསྡུས་ཀློག་རྒྱག་ཤེས་པའི་སློབ་ཁྲིད་བྱེད་པ་དང་རིམ་པས་དབུ་ཅན་དང་། ཚུགས་མ་འཁྱུག འཁྱུག་ཡིག་སོགས་ཀློག་ཤེས་པ་དང་གོང་འོག་གཅོད་མཚམས་གསལ་པོར་ཀློག་ཐུབ་པ་ཡོང་བ་སོགས་སློབ་ཁྲིད་བརྒྱུད་རིམ་ནང་གཙོར་བཟུང་གིས་སྦྱོང་བརྡར་ལེགས་པོ་བྱ་རྒྱུ། སློབ་གསེང་སྐབས་འགྲན་བསྡུར་བྱེད་སྒོ་སྤེལ་བའམ་སློབ་མའི་འཚོ་བ་དང་། ན་ཚོད། རིག་སྟོབས། སེམས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒྲུང་གཏམ་དང་། ཚགས་པར། བརྙན་པར། སྤྱི་ཚོགས་ཚན་རིག་སྐོར་གྱི་དཔེ་དེབ་སོགས་ལྟ་ཀློག་བྱེད་པར་སྐུལ་མ་བཏང་ནས་ཁོང་ཚོའི་ལྟ་ཀློག་གི་ནུས་པ་ཇེ་ཆེར་གཏོང་དགོས།

    འབྲི་རྩལ་ཐད་ཡིག་གཟུགས་དང་ཡི་གེའི་དག་ཆར་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ། ཡིག་གཟུགས་སྦྱོང་བའི་སྐབས་ཡི་གེའི་ཐིག་ཟིན་པོ་དང་ཆེ་ཆུང་སྙོམས་པོ། མགོ་ལུས་འཚམ་པོ། དཀར་ཆ་ནག་ཆ་ཚད་ལྡན། དབྱངས་དང་བརྩེགས་འདོགས་སྦྱོར་ཡུལ་གནད་ལ་འཁེལ་པོ་ཡོང་བ་བཅས་ཀྱི་ཐད་དགེ་རྒན་གྱིས་ངང་རྒྱུད་རིང་པོས་དཀའ་གནད་འབུར་ཐོན་དང་། གཙོ་གནད་དམ་བཟུང་གིས་འབྲི་དཀའ་བའི་ཡི་གེ་རྣམས་ཟུར་ཁྲིད་བྱས་ཏེ། བོད་ཡིག་འབྲི་སྲོལ་གྱི་ལུགས་དང་མཐུན་པའི་སྒོ་ནས་ཡིག་གཟུགས་ཚད་ལྡན་དང་དག་ཆ་མ་ནོར་བ་བྱེད་དགོས། དེ་བཞིན་སློབ་ཚན་སོ་སོའི་མཇུག་གི་ཐ་སྙད་གསར་པ་ཀློག་ཤེས་པ་དང་། འབྲི་ཤེས་པ། སྤྱོད་ཤེས་པ་བྱ་རྒྱུ་གལ་ཆེའོ།

    སློབ་ཆུང་སྐད་ཡིག་རྩ་འཛིན་ནང་གཏན་འབེབས་བྱས་པ་ལྟར་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་རྩ་ཚིག་བློར་འཛིན་ཐུབ་པ་དང་། ཕྲད་སོ་སོའི་གོ་དོན་དང་སྒྲ་སྦྱོར་བྱེད་སྟངས་ཤེས་པ་བྱ་རྒྱུ་མ་ཟད། སློབ་མ་མི་རེ་ངོ་རེས་བློར་འཛིན་ཐུབ་མིན་དང་། དོན་དང་མཐུན་པའི་སྒྲ་སྦྱོར་ཤེས་མིན་ནན་བཤེར་བྱས་ཏེ། སུམ་ཅུ་པའི་དཀའ་གནད་རྟོགས་པར་རྨང་གཞི་ལེགས་པོ་ཞིག་འདིང་དགོས།

    རྩོམ་ཡིག་འབྲི་སྦྱོང་ཐད་དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཏེ་སློབ་མར་རྩོམ་ཡིག་འབྲི་སྦྱོང་གི་གལ་ཆེའི་རང་བཞིན་ཤེས་སུ་འཇུག་པ་དང་། རྩོམ་འབྲིའི་རྒྱུ་ཆ་གསོག་ཏུ་འཇུག་པ། རྩོམ་ཡིག་འབྲི་འདོད་ཀྱི་དགའ་མོས་སྐྱེད་སྲིང་བྱེད་དགོས། དེ་ཡང་སློབ་ཆུང་ནང་རྩོམ་ཡིག་འབྲི་རྒྱུ་དེ་དམའ་རིམ་འཛིན་གྲྭ་ནས་འགོ་བཙུགས་ཏེ་སྐད་ཆ་ཤོད་སྟངས་དང་། སྐད་ཆ་ཡིག་ཐོག་ཏུ་འབེབས་སྟངས། སྐད་ཆའི་དག་དོན་ལ་དོ་སྣང་བྱེད་སྟངས། གཏམ་དཔེ་ལ་སོགས་སྙན་ཞིང་དོན་སྙིང་ཟབ་པའི་ནང་དོན་རྩོམ་ཡིག་ནང་སྤྱོད་སྟངས་བཅས་བསླབས་ནས། སློབ་མར་ཐོག་མའི་རྩོམ་འབྲིའི་སྦྱོང་བརྡར་སྤྲོས་པའི་གོམ་པ་དང་པོ་ཡག་པོ་སྤོ་རུ་འཇུག་དགོས། དེ་ཡང་སློབ་མས་མིང་དང་། མིང་ནས་ཚིག ཚིག་ནས་བརྗོད་པ། བརྗོད་པ་ནས་བརྗོད་པའི་ཕྲེང་བ། རྒྱས་འབྲི་དང་བསྡུས་འབྲི་སོགས་ནས་འགོ་བརྩམས་ཏེ་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་དགོས་ལ། རྒྱུན་གཏན་འཚོ་བའི་ཁྲོད་བྱ་དངོས་ལ་ལྟ་ཞིབ་མང་ཙམ་དང་བསམ་གཞིག་མང་ཙམ་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་དགོས།

    གསུམ་པ། དགེ་རྒན་དང་སློབ་མ་སྤྱི་ཚོགས་ཕན་ཚུན་དབར་གྱི་གཞོགས་འདེགས་སྐོར།

    སློབ་གྲྭ་དང་སྤྱི་ཚོགས་མི་སྣའི་དབར་གྱི་འབྲེལ་བའི་ཐད། སློབ་མ་ཡག་པོ་ཞིག་གསོ་སྐྱོང་བྱེད་དགོས་ཚེ། སློབ་གྲྭ་གཅིག་པུའི་སློབ་གསོ་སློབ་ཁྲིད་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་པར། ད་དུང་ཁྱིམ་ཚང་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་སློབ་མའི་འཚར་ལོངས་ལ་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་དགོས། དེ་མིན་ད་དུང་སློབ་གྲྭར་སློབ་གསོ་སློབ་ཁྲིད་ཁོ་ནའི་བྱ་འགུལ་སྤེལ་བ་མིན་པར། དོན་སྙིང་ལྡན་པ་དང་སློབ་མའི་བདེ་ཐང་འཚར་ལོངས་ལ་ཕན་པའི་བྱེད་སྒོ་སློབ་གྲྭ་རུ་སྤེལ་ན་ལེགས་པར་མཐོང་སྟེ། དེས་སློབ་མའི་མཐོང་རྒྱ་བསྐྱེད་པ་དང་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་བར་རྔོ་ཆེན་པོ་ཐོགས་པ་ཡིན། ལྷག་པར་དུ་སློབ་གསོའི་རང་བཞིན་དང་ཚན་རིག་རང་བཞིན་གྱི་བྱ་འགུལ་དང་། སློབ་གྲྭའི་སློབ་གསོར་སྐུལ་འདེད་གཏོང་ཐུབ་པའི་བྱ་འགུལ་རིགས་སློབ་གྲྭར་སྤེལ་ན། སློབ་གྲྭའི་འཕེལ་རྒྱས་ལ་ཕན་པ་ཡིན། དེ་མིན། རྒྱ་ཆེའི་ཁྱིམ་བདག་རྣམས་དང་སློབ་གསོའི་ལས་རིགས་ལ་ཤ་ཚ་ཞིང་ཐུགས་ཁུར་གནང་མཁན་དང་། ཉམས་མྱོང་ཡོད་པའི་སྤྱི་ཚོགས་སྟེང་གི་མི་སྣས་སློབ་གྲྭའི་འཕེལ་རྒྱས་དང་སློབ་གསོ། དོ་དམ། གཉེར་སྟངས། མ་འོངས་པ་སོགས་ལ་བསམ་འཆར་དང་རེ་བ་འདོན་དུ་བཅུག་ནས། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་དུས་རབས་གསར་པའི་དཔེ་ཁྲིད་མི་སྐྱོང་གི་ལས་འགན་ཧུར་ཐག་སྒྲུབ་དགོས།

    མདོར་ན། སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ལ་ཕྱོགས་གང་ཅིའི་ཐད་གྲུབ་འབྲས་བཟང་པོ་ཞིག་ཐོབ་པ་དང་། ཤེས་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་གསོ་སྐྱོང་བྱ་ཆེད། དགེ་སློབ་དང་སྤྱི་ཚོགས་ཧྲིལ་པོས་རྒྱབ་སྐྱོར་དང་དོ་ཁུར་ཤུགས་ཆེན་བྱས་ཏེ། སློབ་མའི་རྒྱུད་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་ནུས་རྩལ་གང་མང་གསོག་འཇོག་ཐུབ་པ་དང་། སྐད་ཡིག་གི་ཡོན་ཚད་དུས་ཀྱི་འགྲོས་དང་མཐུན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ན། ད་གཟོད་ང་ཚོའི་སློབ་གསོར་འབྲས་བུ་མི་དམན་པ་ཞིག་ཐོབ་པར་གདོན་མི་ཟའོ།

    (གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྨ་བྱ་ཤང་ལྟེ་བའི་སློབ་ཆུང་གི་བཀྲ་ཤིས་བསོད་ནམས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།