དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • དགེ་རྒན་གྱིས་རང་ངོས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་ཚད་ལྡན་གྱི་སློབ་མ་གསོ་སྐྱོང་ཇི་ལྟར་བྱེད་དགོས་མིན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས། སློབ་གཉེར་དུས་སུ་མ་བྱས་པར། །རྗེས་སུ་མཁས་འདོད་བཞད་གད་གནས། །ཞེས་གསུངས་པ་ལྟར། སློབ་ཆུང་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་བདག་པོ་དང་མི་རབས་རྗེས་མ་གསོ་སྐྱོང་བྱེད་པའི་རྨང་གཞིའི་སློབ་གསོའི་འགོ་འཛུགས་ས་དང་རིག་གནས་ཤེས་བྱ་ཐོག་མར་སྦྱོང་ས་དང་། དགེ་རྒན་ནི་སློབ་མར་སློབ་ཚན་ཁྲིད་མཁན་ཙམ་མ་ཟད། སློབ་མའི་རྒྱུད་ལ་ཀུན་སྤྱོད་བཟང་པོ་ཞིག་འཇགས་པར་ལམ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་ཡིན། ལྷག་པར་དུ་འཛིན་བདག་ནི་འཛིན་གྲྭ་གཅིག་གི་ཕྱོགས་ཡོངས་ཀྱི་དོ་དམ་པ་དང་སློབ་མའི་ཉིན་རེའི་བསམ་བློ་ཀུན་སྤྱོད་ཐད་ལ་སློབ་གསོ་རྒྱག་མཁན་ཡིན་ལ། སློབ་གསོ་དོ་དམ་གྱི་ལག་ལེན་པ་ངོ་མ་ཞིག་དང་། སློབ་མ་རྣམས་བདེ་ཐང་འཚར་ལོངས་ཡོང་བར་ལྟ་འདོམས་བྱེད་མཁན་གྱི་བྱེད་པོ་དེ་ཡང་རེད། དེས་ན། དགེ་རྒན་ཞིག་ཡིན་ཕྱིན་ཉིན་རེའི་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག ད་དུང་སློབ་མའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐྱེད་སྲིང་བྱེད་དགོས་ལ། འཛིན་གྲྭ་འདི་ཉིད་རང་ཉིད་ཀྱི་ཁྱིམ་ཚང་ལྟར་སྐྱོང་བའི་འགན་སེམས་ནན་པོ་ཡོད་མཁན་ཞིག་ཀྱང་ཡིན་དགོས། ནམ་རྒྱུན་དགེ་རྒན་གྱིས་སློབ་མ་རྣམས་ལ་རང་གི་ཤ་ནས་བཅད་པའི་བུ་ཕྲུག་ལྟ་བུའི་འདུ་ཤེས་བཅངས་ཏེ། ཕྲུ་གུ་ཚོའི་ཁམས་དང་མོས་པར་བསྟུན་ནས་སློབ་གསོ་བརྒྱབ་སྟེ། ཁོང་ཚོར་ཆུང་དུས་ནས་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ཞིག་འཇགས་པར་ཁྲིད་སྟོན་བྱེད་དགོས། འདིར་གུས་པས་ལོ་མང་གི་ཉམས་མྱོང་དང་སྦྲགས་ནས། དུས་རབས་གསར་པར་དགེ་རྒན་ཚད་ལྡན་ཞིག་ལ་ཆ་རྐྱེན་གང་དག་ལྡན་དགོས་མིན་སྐོར་རགས་ཙམ་གླེང་བར་བྱའོ།

    དང་པོ། དགེ་རྒན་ནི་སློབ་མའི་མིག་དཔེ་བཟང་ཤོས་ཡིན་པས་རང་རྒྱུད་ལ་ཀུན་སྤྱོད་གཙང་མ་ཞིག་ཡོད་དགོས།

    སྤྱིར་དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་མཁན་ཡིན་པས། གལ་ཏེ་རང་རྒྱུད་ལ་གཞན་ཕན་གྱི་ལྷག་བསམ་དཀར་བ་དང་། རྣམ་དཔྱོད་ཀྱི་སྤྱན་མིག་ཡངས་པ། རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པོ་ཞིག་མེད་ཚེ། རང་གི་སློབ་བུའི་ཚོགས་ལ་ཤེས་བྱ་བརྒྱུད་སྤྲོད་དང་། ནུས་པ་སྐྱེད་སྲིང་། ཀུན་སྤྱོད་ཀྱི་དྲང་ནུས་སློབ་གསོ་སློབ་ཁྲིད་ཡང་དག་པ་ཅིག་བྱེད་ག་ལ་ཐུབ། ས་སྐྱ་པཎ་ཆེན་གྱིས་མཁས་པ་འཇུག་པའི་སྒོ་ལས། གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་གསུངས་པ་ལྟར། དགེ་རྒན་ནི་སློབ་མའི་སེམས་དབུས་སུ་ཡོན་ཏན་ཀུན་ལྡན་སྐྱོན་ཀུན་ཟད་ཀྱི་སྐྱེ་བོ་ཞིག་ཡིན་པས། དགེ་རྒན་ཚད་ལྡན་ཞིག་བྱ་བར་ཐོག་མར་སྒོ་གསུམ་གྱི་ཀུན་སྤྱོད་ཚད་ལྡན་ཞིག་དགོས་པ་ནི་མ་མཐའི་བྱང་ཚད་ཀྱི་བླང་བྱ་ཡིན་ཏེ། དགེ་རྒན་གྱི་ཚད་ལྡན་གྱི་ཀུན་སྤྱོད་ནི་སྒྲ་མེད་ཀྱི་སྐད་ཆ་དང་གཟུགས་ལྡན་གྱི་མིག་དཔེ་དེ་ཁོ་ན་ཉིད་ཡིན་པས་སོ། དོན་དུ་ཡང་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གཙང་མ་དགོས་པའི་ཁར་རིག་པའི་གནས་ལ་མཁས་པ་དང་གཞན་ཕན་གྱི་ལྷག་བསམ་ལྡན་དགོས། སློབ་མའི་ངོས་ནས་བཤད་ན། དགེ་རྒན་གྱི་ཕྱིའི་སྤྱོད་པས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། དགེ་རྒན་རང་ཉིད་ནས་ཀྱང་རྒྱུན་དུ་ལུས་ཀྱི་གྱོན་ཆས་དང་། སློབ་ཁྲིད་ཀྱི་རྣམ་འགྱུར། སྤྱོད་ཚུལ་སོགས་གང་སར་གཙིགས་ཆེན་བགྱིས་ཏེ། སློབ་མར་རང་དཔེ་གཞན་སྟོན་བྱེད་དགོས། རྗེ་ཙོང་ཁ་པ་ཆེན་པོས། ཚིག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་སྐྱེ་བའི་གཞིར་གྱུར་པའི་སེམས་ཅན་ནོ་ཞེས་གསུངས་པ་ལྟར། ཡིད་དང་ངག་གི་སྤྱོད་ཚུལ་ཐད་ལའང་དགེ་རྒན་གྱིས་སློབ་མར་ཉེ་རིང་ཆགས་སྡང་གི་ཕྱོགས་ལྷུང་མེད་པར་བྱམས་བརྩེའི་བསམ་པས་ཀུན་ནས་བསླངས་ཤིང་། སློབ་མ་ཚོར་རང་ཕྲུག་ལྟ་བུའི་བྱམས་བརྩེ་དང་ཐུགས་ཁུར་ཟབ་བཞེས་དང་སློབ་མའི་འགྲོ་འདུག་སྤྱོད་གསུམ་ཚང་མར་ཁ་ཏ་བསླབ་བྱ་བྱས་ནས་ཡོད་ཚད་སློབ་མའི་ཆེད་དུ་ཡིན་སྙམ་པའི་ལྷག་བསམ་གཙང་མ་ཞིག་ལྡན་དགོས།

    གཉིས་པ། དགེ་རྒན་ནི་ཤེས་རིག་གི་ལམ་སྟོན་སྒྲོན་མེ་ཡིན་པས་མང་ཐོས་ལུང་རིགས་ཀྱིས་ཕྱུག་དགོས།

    དགེ་རྒན་ནི་སློབ་མའི་སློབ་སྦྱོང་དང་འཚོ་བའི་ལམ་སྟོན་སྒྲོན་མེ་ཡིན་པས། རྒན་ལགས་ཚོས་རང་ཉིད་ཀྱི་འོད་ཀྱི་སྒྲོན་མེ་གྲུང་ཤ་དོད་ཅིང་གཅེས་པར་འོས་པའི་སློབ་མའི་ཕྱོགས་སུ་བཏེགས་ནས། ཁོང་ཚོར་ཁ་ཕྱོགས་གསལ་པོར་སྟོན་མཁན་གྱི་དེད་དཔོན་ལྟ་བུར་འགྱུར་བར་བྱེད་དགོས་པ་སྟེ། གཅིག་ནས་དགེ་རྒན་ཞིག་ཡིན་ཕྱིན་རང་གི་ཆེད་ལས་ཀྱི་ཤེས་བྱའི་རྨང་གཞི་སྲ་ཞིང་བརྟན་ལ་བྱང་ཆུབ་པ་ཞིག་ཡོད་དགོས་ལ། སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། སློབ་གསོ་སློབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཤེས་བྱའི་མ་ལག་ཆ་ཚང་པོ་ཞིག་ལྡན་དགོས། ལྷག་པར་དུ་རང་གི་འཁྲིད་བྱའི་ནང་དོན་ཁོང་དུ་ཆུད་པ་དགོས། གཉིས་ནས་དུས་ཐོག་ཏུ་སློབ་མའི་སློབ་སྦྱོང་གི་དཀའ་ངལ་སེལ་ཐུབ་པ་བྱེད་དགོས། འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་གྱི་ཚད་གཞིར། དགེ་རྒན་ནི་སློབ་མའི་སློབ་སྦྱོང་གི་ཁྲིད་སྟོན་པ་དང་མཛུབ་ཁྲིད་པ་ཡིན་ཞེས་གསུངས་པ་ལྟར། སློབ་མར་སློབ་སྦྱོང་ཐད་ཀྱི་དཀའ་ངལ་འཕྲད་སྐབས། གནད་དོན་ཡོད་ཚད་དགེ་རྒན་གྱིས་ཐག་མ་བཅད་པར། སློབ་སྦྱོང་གི་ཐབས་ཤེས་སློབ་མཁན་དང་ཡར་རྒྱས་ཀྱི་སྐུལ་འདེད་མཁན་དེ་ཡིན་དགོས། གསུམ་ནས། དགེ་རྒན་གྱིས་སློབ་མའི་ཆུ་ཚད་དང་འཚམ་པའི་སློབ་ཁྲིད་སློབ་གསོའི་དམིགས་ཚད་འདེམས་བཀོད་བྱས་ནས། ཁྲིད་གཞི་དང་བསྟུན་པའི་སྒོ་ནས་སློབ་མའི་སྦྱངས་སྟོབས་ཀྱི་ཆུ་ཚད་དེ་དམིགས་ཡུལ་ལས་བརྒལ་མི་རུང་བ་དང་། སློབ་མའི་ཆུ་ཚད་ལ་དཔགས་པའི་སློབ་གསོ་སློབ་ཁྲིད་བྱེད་པ་ལས། ཚད་ལས་བརྒལ་བའི་སློབ་གསོ་སློབ་ཁྲིད་བྱེད་མི་རུང་བ་མ་ཟད། སློབ་མས་ནོར་འཁྲུལ་ཤོར་ཚེ་ཁོ་ཚོར་ཉམས་མྱོང་ཕྱོགས་བསྡོམས་བྱེད་རོགས་དང་། ཁོ་ཚོར་ཡར་རྒྱས་ཅུང་ཟད་ལས་མ་བྱུང་ཡང་དུས་ཐོག་ཏུ་བསྟོད་བསྔགས་ཕྲན་བུ་བཏང་ནས་ལྕག་སྐུལ་བྱེད་དགོས། དེ་ཡང་། ཐབས་ལ་མཁས་ན་ཆེན་པོ་ཡང་། བྲན་དུ་བཀོལ་བར་ག་ལ་དཀའ། ཞེས་གསུངས་པ་ལྟར། སློབ་ཆུང་སློབ་མའི་སེམས་ཁམས་ནི་དཀར་གཙང་གི་ཤོག་བུ་ཞིག་དང་མཚུངས་པས། ལམ་སྟོན་ཡག་པོ་བྱས་ཚེ་དེ་ཉིད་ཡང་དག་པའི་འགྲོ་ལམ་དུ་བདེ་བླག་ངང་འཇུག་ཐུབ་པ་དང་ལམ་སྟོན་ཡག་པོ་མ་བྱུང་ཚེ་ལོག་ལམ་དུ་འགྲོ་ཉེན་ཆེ་བས། དགེ་རྒན་གྱིས་རང་ཉིད་ཕ་མ་གཉིས་པ་ཡིན་པའི་འདུ་ཤེས་བཅངས་ཏེ། སློབ་མ་ཚོའི་གཙང་སྦྲ་དང་། གོས་གྱོན་སྟངས། རུ་སྒྲིག་སྟངས་ཡན་ནས་སློབ་མ་ཚོར་དཔེ་སྟོན་ཐུབ་པའི་ཐབས་མཁས་དགེ་རྒན་བཟང་པོ་ཞིག་བྱེད་དགོས།

    གསུམ་པ། དགེ་རྒན་ནི་ཡང་དག་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་མཁན་ཡིན་པས་ཁྱིམ་བདག་དང་འབྲེལ་བ་ཡག་པོ་འཛུགས་དགོས།

    དགེ་རྒན་ནི་སློབ་ཕྲུག་གི་ཉིན་རེའི་བསམ་བློ་ཀུན་སྤྱོད་ཀྱི་མཛུབ་ཁྲིད་པ་ཡིན་པས། དགེ་རྒན་གྱིས་རྟག་ཏུ་སློབ་མའི་རིག་སྟོབས་དང་ཁྱད་ཆོས་སོགས་ལ་དཔག་པའི་སློབ་གསོ་གཏོང་ཐབས་སྤྱད་དེ། སློབ་མའི་རྣམ་ཤེས་བཟོ་སྐྲུན་པའི་ལས་འགན་ཞིབ་ཚགས་སྒྲུབ་དགོས། སློབ་མའི་སེམས་ཁམས་རྟོགས་པར་ཁྱིམ་བདག་དང་འབྲེལ་བ་ཡག་པོ་འཛུགས་དགོས་རྒྱུ་ཨ་ཅང་བརྗོད་མེད་ལགས། གང་ཡིན་ཟེར་ན། ཁྱིམ་ཚང་ནི་སློབ་གྲྭ་ཨང་དང་པོ་དང་། ཕ་མ་ནི་དགེ་རྒན་ཨང་དང་པོ་ཡིན་པས། སློབ་གསོ་ཨང་དང་པོ་ནི་ཁྱིམ་ཚང་དང་ཕ་མ་ལས་བྱུང་། དེར་བརྟེན་དགེ་རྒན་གྱིས་ཁྱིམ་བདག་དང་འབྲེལ་བ་ཡག་པོ་བཙུགས་ནས། སློབ་མ་དེ་ཁྱིམ་དུ་བྱ་སྤྱོད་དང་སེམས་ཁམས་གང་འདྲ་ཡོད་མེད་དང་། ཁྱིམ་ཚང་གི་གནས་ཚུལ། ཁྱིམ་བདག་གི་སློབ་གསོ་གཏོང་ཐབས་སོགས་ལ་རྒྱུས་མངའ་ལོན་པར་བྱས་ཚེ། སློབ་མ་མི་རེ་ངོ་རེའི་ཀུན་སྤྱོད་དང་སེམས་ཁམས་ཀྱི་གནས་ཚུལ་སོགས་ཁོང་དུ་ཡག་པོ་ཆུད་ཐུབ། གལ་ཏེ་ཁྱིམ་བདག་དང་འབྲེལ་འདྲིས་མ་བྱས་པར་སློབ་གྲྭའི་ནང་གི་གནས་ཚུལ་གཅིག་པུས་སློབ་མའི་ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་དཀའ། དེས་ན། དགེ་རྒན་གྱིས་ཁ་མཁས་ཚིག་སྙན་ཙམ་མ་ཡིན་པར་ཁྱིམ་བདག་དང་ངོ་ཐུག་གདོང་འཕྲད་ཀྱིས་སློབ་མའི་གང་ཅིར་རྒྱུས་མངའ་ལོན་དགོས།

    གཞན་ཡང་། དགེ་རྒན་གྱིས་ངང་རྒྱུད་རིང་པོ་དང་གཤིས་ཀ་འཇམ་པོས་སློབ་མར་ཤེས་བྱ་དམར་ཁྲིད་དང་། སློབ་མའི་དོགས་གནད་ལ་ལན་འདེབས་པ། སློབ་མར་རང་ཉིད་ཀྱི་བུ་ཕྲུག་བཞིན་གྱི་འདུ་ཤེས་བཅངས་ནས། ཁོ་ཚོའི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་དང་། ཁོ་ཚོའི་རང་གཤིས་དང་འདོད་མོས་ལ་བརྩི་འཇོག་གང་ཐུབ་བྱེད་པ། སློབ་མའི་དགའ་མོས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། སློབ་མར་དགེ་རྒན་གྱི་དྲོ་སྐྱིད་དང་བྱམས་བརྩེ་ཚོར་དུ་འཇུག་པ། རང་འགུལ་ངང་སློབ་མ་དང་བསམ་ཚུལ་བརྗེ་རེས་བྱེད་པ། ལྷག་པར་དུ་འབྲེལ་འདྲིས་བྱེད་སྟངས་སྣ་མང་སྤྱད་དེ། ཁོ་ཚོའི་སེམས་གཏམ་ཉན་དགོས་པ་དཔེར་ན། སློབ་ཁྲིད་ཀྱི་ཞོར་དང་། སློབ་ཚན་ཁྲིད་ཟིན་རྗེས་སེམས་གཏམ་ཤོད་རེས་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སློབ་མའི་དགོས་མཁོ་དང་དཀའ་ངལ་ཤེས་རྟོགས་དང་། དུས་ཐོག་ཏུ་མཛུབ་སྟོན་དང་རོགས་རམ་བྱེད་དགོས་སོ།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་ཚེ་རིང་ཕུན་ཚོགས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།