དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གིས་བསམ་གྲུབ་རྩེ་ཆུས་ཀྱི་ལག་རྩལ་པ་ཆེད་མངགས་གདན་དྲངས་ནས་ཤང་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ཚན་རྩལ་ཆེད་བསྐོས་པ་དང་ཞིང་འབྲོག་ཚན་རྩལ་ལས་བྱེད་པ་40ལྷག་ཙམ་ལ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་། ཞབས་ཞུ་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་དང་ཐོག་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ། འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཞིང་ཕན་སྲིད་ཇུས་སྐོར་ལ་གོ་བདེའི་ངང་གསལ་འགྲེལ་བྱས་ནས་སྦྱོང་བརྡར་ནང་ཞུགས་མཁན་ཚོས་སྲིད་ཇུས་ཀྱི་དགོངས་དོན་གསལ་པོ་ཤེས་སུ་བཅུག་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྲིད་ཇུས་དོན་འཁྱོལ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ་དང་། དེ་ནས་ཞིང་སྨན་མཁོ་སྤྲོད་ལག་རྩལ་པས་ཚན་རིག་དང་མཐུན་པའི་སྨན་སྤྱོད་ཚུལ་ལ་དམིགས་ཏེ་རྒྱུན་གཏན་གྱི་ཞིང་སྨན་དང་། དེའི་སྤྱོད་ཁྱོན། སྦྱོར་རྟ་བྱེད་སྟངས། དེ་བཞིན་ཉེན་ཟོན་གྱི་དུས་ཚོད་བཅས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། གཙོ་བོར་ཞིང་སྨན་ཉུང་སྤྱོད་ཐོན་འབབ་འཕར་ཐབས་དང་སྔོན་འགོག་དང་ཚོད་འཛིན་གནོད་མེད་ངང་བྱེད་ཐབས་ཐད་ནན་བཤད་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་དཔྱད་གཞིའི་ཡིག་རིགས་སྤྲད་དེ་གཞི་རིམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ནད་འབུའི་གནོད་པ་འགོག་བཅོས་བྱེད་ནུས་མཐོ་རུ་བཏང་ཡོད།

    འབྲོག་ལས་གསོ་སྤེལ་གསོ་སྦྱོང་ཐད། ལག་རྩལ་རིགས་གཅིག་མཁས་ཅན་གྱིས་གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བ་གླང་གི་རྒྱུད་པ་ལེགས་བཅོས་དང་། གསོ་ཚགས་དོ་དམ། འཇམ་ནད་དང་བྱའི་ཆམ་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱར་འགྲེལ་བཤད་གཏིང་ཟབ་བརྒྱབ་ལ། དཔེ་མཚོན་སློབ་ཁྲིད་བྱས་ནས་སློབ་མར་གོ་ཆོད་ཀྱི་རིམས་འགོག་ལག་རྩལ་ཁོང་དུ་ཆུད་ཐབས་བྱས་ཏེ་སྒོ་ཕྱུགས་དང་ཁྱིམ་བྱའི་བདེ་ཐང་གི་སྲུང་བཅད་བརྟན་པོ་ཞིག་ཀྱང་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།