ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་སྔོན་འགོག་སྨན་ཁབ་རྒྱག་པའི་གྲངས་འཛིན་སྒོ་བསྟེན་སྨན་ཁང་ཡོངས་ཁྱབ་བྱུང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྱབ་ཁོངས་ནང་སྔོན་འགོག་སྨན་ཁབ་རྒྱག་པའི་གྲངས་འཛིན་སྒོ་བསྟེན་སྨན་ཁང་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། མི་ཁྲི་10.8ལ་སྨན་བཅོས་འགན་བཅོལ་གྱི་གནད་སྨིན་ཡིག་ཚགས་བཟོས་ཏེ། ཞིང་ཆེན་སྒྲོལ་བའི་སྨན་ཁབ་རྒྱག་པའི་གྲངས་གཞི་མཉམ་སྤྱོད་ཐུབ་པ་དང་། དྲ་ཐོག་མིང་འབོད་དང་། དྲ་ཐོག་སྔོན་མངགས། ཤོག་མེད་ཅན་གྱི་སྨན་ཁབ་རྒྱག་པ་སོགས་དེང་རབས་ཅན་གྱི་ཞབས་ཞུ་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རིམས་འགོག་སྨན་ཁབ་རྒྱག་པར་དེ་བས་བློ་བདེ་བ་དང་བདེ་ཐང་འགན་ལེན་སྟབས་བདེ་ཡོང་བར་བྱས་པས་དམངས་ཕན་རང་བཞིན་གངས་ལེགས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་འཛིན་ཅན་གྱི་རིམ་སྤོར་མ་བྱས་གོང་། མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་སྐབས་ཤོག་བུའི་ཡིག་ཚགས་འཁྱེར་དགོས་པ་དང་ས་གནས་ས་ཐོག་ཏུ་བང་བསྒྲིགས་ནས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད། ད་ཆ་ལག་ཐོགས་ཁ་པར་བརྒྱུད་དྲ་ཐོག་ནས་སྔོན་མངགས་བྱེད་ཆོག་པ་དང་སྨན་ཁང་དུ་འབྱོར་རྗེས་དྲ་ཐོག་ནས་ཨང་ཀི་བླངས་ཏེ་གོ་རིམ་ལྡན་པའི་ངང་སྨན་ཁབ་རྒྱག་ཆོག་པས། བརྒྱུད་རིམ་ཧྲིལ་པོ་ཤོག་མེད་ཅན་དུ་གྱུར་ནས་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག གྲངས་འཛིན་མ་ལག་གིས་ཞིང་ཆེན་སྒྲོལ་བའི་གྲངས་གཞིའི་འགག་གནད་བསལ་ཞིང་། ལྗོངས་ཕྱི་ནས་ཡོང་བའི་མང་ཚོགས་ཀྱིས་ཡིག་ཚགས་བསྐྱར་དུ་བཟོ་མི་དགོས་པར་སྨན་ཁབ་རྒྱག་པའི་ཟིན་ཐོ་དྲ་ཐོག་ནས་ལྟ་ཐུབ་སྟེ། “ས་ཆ་མང་པོར་རྒྱུག་པ་དང་ཞིབ་བཤེར་ཡང་ཡང་བྱེད་པའི”དཀའ་གནད་རྦད་དེ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།