དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སེམས་ནུས་ཡོད་རྒུས་མང་ཚོཌ་ཀྱི་བདེ་ཐང་སྲུང་བ།

    གཞིས་རྩེ་གྲོང་ཁྱེར་གྱིས་བདེ་ཐང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-05

    འདི་ལོའི་ལོ་སྟོད་དུ། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་གཏམ་བཟང་ཞིག་གྲགས་པ་སྟེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་2བཏང་བའི་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཐོག་ཁང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཇེ་ཆེར་ཕྱིན་ཡོད། “ལྟེ་གནས་སྤྱོད་འགོ་ཚུགས་རྗེས། སྨན་ཁང་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ནད་པས་སྨན་བཅོས་བྱས་པའི་མྱོང་ཚོར་ཡང་དེ་བས་ལེགས་སུ་ཕྱིན་ནས། ས་མཐོའི་མང་ཚོགས་ཁྱིམ་གྱི་སྒོ་རྩ་ནས་དེ་བས་སྤུས་ལེགས་དང་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཟླ་ནོར་གྱིས་བརྗོད།

    བདེ་ཐང་ནི་བདེ་སྐྱིད་ལྡན་པའི་འཚོ་བའི་རྨང་གཞི་ཡིན། གཞིས་རྩེ་གྲོང་ཁྱེར་གྱིས“གཞི་རིམ་གྱི་རྨང་གཞི་བརྟན་གཏོང་དང་། ཞབས་ཞུ་ལེགས་གཏོང་། ཉེན་ཁ་སྔོན་འགོག”བཅས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ནན་ཏན་ངང“དམིགས་ས་ལྔ”ཡི་བླང་བྱར་གཞིགས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་། དམངས་འཚོའི་ཞབས་ཞུ་འགན་སྲུང་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དྲ་བ་སྔར་བས་ཚགས་དམ་དུ་སོང་བ་དང་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཕྱོགས་གང་ས་ཅི་ཐད་ནས་འགན་སྲུང་ཐུབ་ཡོད།

    2025ལོར། གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། གམ་པ་རྫོང་དང་གྲོ་མོ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཁུལ་གསར་པ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་། རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་གཅིག་མཐུན་ཚོགས་པ་སོགས་རྫོང་20ཡི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ། ཤང་དང་གྲོང་རྡལ་གྱི་སྨན་ཁང་16དང་གྲོང་ཚོའི་འཕྲོད་བསྟེན་ཁང་22རིམ་སྤོར་སྒྱུར་བཀོད་བྱས་ཡོད། “རྫོང་རིམ་པའི་སྨན་ཁང་གི་ལས་སྒོའི་ཆེད་སྤྱོད་ཁང་པའི་ཚད་གཞི་ལོན་ཞིང་། ཤང་ཚང་མར་སྨན་ཁང་དང་། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པའི”དམིགས་ཚད་མངོན་འགྱུར་བྱུང་ནས། ཞིང་འབྲོག་མང་ཚོགས་ལ་དེ་བས་ཡོངས་ཁྱབ་དང་སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་ཞུ་ཡི་ཡོད་པ་རེད།

    “ཤང་སྨན་ཁང་ཁྱིམ་དང་ཐག་ཉེ་པོ་ཡོད་ལ། སྨན་བཅོས་སྒྲིག་ཆས་ཀྱང་ཆ་ཚང་པོ་ཡོད། ན་ཚ་ལྕི་པོ་མེད་ན་ཤང་ནས་སྨན་བཅོས་བྱེད་ཐུབ་པས། དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་རིན་སྤུངས་རྫོང་བྱེ་བ་ཤང་ནས་ཡིན་པའི་ཉི་སྒྲོན་གྱིས་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་སོང་བའི་སྨན་བཅས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལ་བསྔགས་བརྗོད་ཡང་ཡང་བྱས།

    2025ལོར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་སྨན་རྩིས་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་གི་དཔྱད་ཞིབ་བསྐྱར་མ་བདེ་བླག་བྱུང་ཞིང་། རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་དང་ངམ་རིང་རྫོང་སྨན་རྩིས་ཁང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་གྲུབ་འབྲས་ཐོབ་པའི་སྒོ་ནས་བཙུགས་པ་དང་། གཞིས་རྩེའི་གྲོང་ཁྱེར་རིམ་པའི་གཙོ་གནད་ནད་ཐོག་སྨན་བཅོས་ཚན་ཁག་10བཙུགས་པ། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་རྒྱལ་རྩེ་རྫོང་ལྟེ་བའི་སྨན་ཁང་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་བདེ་ཐང་བརྟག་དཔྱད་སྤུས་ཚད་ཚོད་འཛིན་ལྟེ་གནས་ཐོག་མ་སོ་སོར་བསྐྲུན་པ། རྫོང་རིམ་པའི་སྨན་ཁང་གི་བྱིས་ནད་ཚན་ཁག་དང་། སེམས་ཁམས་ཚན་ཁག ཁྲག་བླུག་ཚན་ཁག་སོགས་དེ་སྔོན་ཉམས་ཞན་གྱི་ཚན་ཁག་བཀོད་སྒྲིག་བྱེད་ཚད་91%བར་མཐོ་རུ་ཕྱིན་པ། འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་བྱེད་ཟབ་ཏུ་བཏང་ནས“གཞི་གཅིག་ཅན་དྲུག”མངོན་འགྱུར་ཐུབ་ཚད་100%ཟིན་ཡོད་པ་རེད།

    གཞིས་རྩེའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་སྟེ། རྒྱ་ཆེའི་མང་ཚོགས་ཤང་དང་ཕ་ཡུལ་ནས་ཁ་འབྲལ་མི་དགོས་པར། ཐག་ཉེ་ས་ནས་སྨན་བཅོས་བྱེད་པ་དང་སྨན་བཅོས་ཡག་པོ་ཐུབ་པར་བྱས་པས། སྨན་བཅོས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།

    “2025ལོར། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཡོངས་ལ་མ་དངུལ་སྒོར་དུང་ཕྱུར་15.71བཏང་བ་དང་། རིམ་རྩིས་བརྒྱབ་ན་བསྡོམས་རྩིས་ནང་བཅུག་པའི་མ་དངུལ་སྒོར་དུང་ཕྱུར་12.27བཏང་བ་དང་ལེགས་སྒྲུབ་ཐུབ་ཚད་91.17%ཟིན་ནས། ལྗོངས་ཡོངས་ཀྱི་ཨང་དང་པོ་རེད”ཅེས་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཕན་ཐོགས་ཀྱིས་བརྗོད།

    པ་སངས་ཕན་ཐོགས་ཀྱིས“འཕྲོད་བསྟེན་བདེ་ཐང་ལས་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས། དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་ཅིག་རེད། 2026ལོར། ང་ཚོས་སྐྱོན་ཆ་དང་ཞན་ཆ་བསལ་ནས། འཕྲོད་བསྟེན་བདེ་ཐང་གི་ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱུན་མཐུད་ཆེ་རུ་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་ཤེས་ལྡན་པས་འདེགས་སྐྱོར་བྱེད་པར་དེ་བས་མཐོང་ཆེན་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།