དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • དམངས་ཀྱི་སྒོ་རྩར་སྨན་བཅོས་ཞབས་ཞུ་སྣ་མང་མཁོ་འདོན་བྱས་པ།

    ——འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་འཕྲོད་བསྟེན་ཁང་གིས་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པས་མང་ཚོགས་ལ་ནད་ལྟ་བཞིན་པ།

    སྔོན་ཆད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་མང་ཚོགས་ལ་མགོ་ན་བ་སོགས་ཀྱི་ནད་གཞི་ཆུང་ངུ་ཕོག་ནའང་རྫོང་གྲོང་དུ་སྨན་པ་བསྟེན་པར་འགྲོ་དགོས་པ་དང་། སྨན་ཁང་དུ་སྡོད་དགོས་པའི་གནས་ཚུལ་འཕྲད་ན། དེ་བས་ཐག་རིང་དུ་སྨན་པ་བསྟེན་པར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་། ད་ཆ་གནས་ཚུལ་དེ་དག་ལ་འགྱུར་ལྡོག་འགྲོ་བཞིན་ཡོད།

    2024ལོར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་མ་དངུལ་སྒོར་ཁྲི་800བཏང་ནས་ལྷ་ཡུལ་ཤང་འཕྲོད་བསྟེན་ཁང་གི་སྒོ་བསྟེན་ལས་སྒོའི་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་རེད། ད་ཆ་གསར་དུ་བསྐྲུན་པའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་922.65ཟིན་པ་དང་ནད་ཁྲི་10སྤྱོད་འགོ་ཚུགས་ཡོད། ཀུན་བཅོས་ཚན་ཁག་དང་། ཁོག་ནད(བྱིས་པ)ཚན་ཁག ཕྱི་ནད་ཚན་ཁག བུད་མེད(བུ་བཙའ)ཚན་ཁག དོས་དྲག གསོ་རིག་གློག་པར་སོགས་ནད་ཐོག་ཚན་ཁག་10ཡོད་པ་མ་ཟད། ད་དུང་འདར་འཇོམས་ཡོ་བྱད་དང་སྙིང་གློག་ལྟ་སྲུང་ཡོ་བྱད་སོགས་སྔོན་ཐོན་སྒྲིག་ཆས་ཀྱང་ཡོད་པ་རེད།

    དེས་མ་ཚད། མང་ཚོགས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་ཞབས་ཞུ་སྣ་མང་ལོངས་སུ་སྤྱོད་ཐུབ་ཆེད། ལྷ་ཡུལ་ཤང་འཕྲོད་བསྟེན་ཁང་གིས་དུས་གཅིག་ཏུ་བོད་ལུགས་གསོ་རིག་ཁང་བཙུགས་པར། དེར་བོད་ལུགས་གསོ་རིག་གི་ལུམས་བཅོས་དང་། གསེར་ཁབ། ཁྲག་གཏར། མེ་བཙའ་སོགས་ཁྱད་ལྡན་སྨན་བཅོས་བྱེད་ཐབས་ཚང་མ་ཡོད་པ་མ་ཟད། ནད་པ་སྐྱེལ་འདྲེན་གྱི་ཉལ་ཁྲི་སོགས་ཆེད་ལས་སྒྲིག་ཆས་ཀྱང་ཡོད་པ་རེད། ལྷ་ཡུལ་ཤང་འཕྲོད་བསྟེན་ཁང་གིས་ད་དུང་ཕྱི་ལོགས་ཀྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་། ལྷོ་ཁ་རིན་ཨའེ་སྨན་ཁང་། འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་བཅས་ཀྱི་བོད་སྐྱོར་རིགས་གཅིག་མཁས་ཅན་སོགས་གདན་དྲངས་ནས་སྨན་པར་གསོ་སྦྱོང་བྱས་པ་དང་། ནད་ཐོག་སྨན་བཅོས་བྱེད་སྟངས་དམར་ཁྲིད་དང་། ནད་དཔེར་བགྲོ་གླེང་། ལག་རྩལ་མཛུབ་ཁྲིད་བཅས་བྱས་པ་བརྒྱུད། གཞི་རིམ་གྱི་སྨན་དོན་པར་ཉམས་མྱོང་གསོག་འཇོག་དང་ཁོང་ཚོའི་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་རེད།

    ཤང་དུ་སྨན་བཅོས་བྱེད་བཞིན་པའི་བགྲེས་སོང་བསྟན་འཛིན་གྱིས“རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་ཡག་པོ་གནང་གི་འདུག་ལ། ཤང་གི་སྨན་པས་ཀྱང་སློབ་སྦྱོང་ནན་ཏན་བྱེད་ཀྱི་འདུག་པས། ད་ལྟ་ང་ཚོ་ཡུལ་གཞན་དུ་སྨན་པ་བསྟེན་པར་འགྲོ་དགོས་མི་འདུག ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

    “ཐག་རིང་དུ་སྨན་པ་བསྟེན་པར་བསྐྱོད་པ”ནས“སྒོ་རྩར་སྨན་པ་བསྟེན་ཐུབ་པའི”བར་དང་“ཞབས་ཞུ་རྐྱང་པ”ནས“ཕྱོགས་བསྡུས་འགན་ལེན”བར། ལྷ་ཡུལ་ཤང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་རིམ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བཞིན་ཡོད། བགྲེས་སོང་བསྟན་འཛིན་གྱིས་བརྗོད་པ་ལྟར། ད་ཆ་སྨན་བཅོས་འགན་ལེན་ཐུབ་པས་གཟུགས་པོར་སེམས་ཁྲལ་བྱེད་དགོས་མེད་པ་རེད། གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ནི་ལྷ་ཡུལ་ཤང་གིས་མི་དམངས་ལྟེ་བར་འཛིན་པ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་མཚོན་རྟགས་ཡག་ཤོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།