དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གྲངས་གཞི་མཉམ་སྤྱོད་བྱས། དམངས་ལ་སྟབས་བདེ་བསྐྲུན།

    ——ཁྲེང་ཀོན་ཆུས་ཀྱིས་གྲངས་གཞི་སྒུལ་ཤུགས་སུ་བྱས་པས་སྨན་བཅོས་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་དུ་ཡོད་པའི་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་སྔོན་འགོག་ཁབ་རྒྱག་སའི་སྒོ་བསྟེན་ཁང་དུ་བྲེལ་འཚུབ་ཆེ་ནའང་། གློག་རྡུལ་གྱི་ཨང་གྲངས་འབོད་སྒྲ་དང་སྨན་དོན་མི་སྣའི་ཞི་འཇམ་མངག་བྱ་ལས་སྨན་ཁང་གི་ལས་སྒོ་གོ་རིམ་ལྡན་པ་ཞིག་འདུག

    འདི་གར་གྲངས་འཛིན་ལ་བརྟེན་པའི་སྨན་ཁབ་རྒྱག་པའི་ལས་སྒོ་ཁྱབ་གདལ་བཏང་བས་སྨན་ཁབ་རྒྱག་པར་ཡོང་བའི་མང་ཚོགས་ཚང་མས་སྨན་བཅོས་ཞབས་ཞུ་རིམ་སྤོར་ལས་བྱུང་བའི་ཕན་པ་དངོས་ཚོར་ཡོད། དེའི་རྒྱབ་ཕྱོགས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྔོན་ཁབ་རྒྱག་པའི་གྲངས་འཛིན་ཅན་གྱི་སྒོ་བསྟེན་ཁང་ཡོངས་སུ་ཁྱབ་གདལ་དང་ཞིང་ཆེན་བརྒལ་བའི་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་བཏང་བའི་དངོས་སྒྲུབ་བྱ་ཐབས་ཤིག་རེད། དེ་དང་ཆབས་ཅིག་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གིས་རིམ་པ་གཉིས་པའི་སྨན་ཁང་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཏེ“གཅོང་ནད་དང་དྲག་སྐྱེད”ཀྱི་ཁྱད་ལྡན་ཆེད་ལས་ཚན་ཁག་བཙུགས་པ་དང་། སྨན་བཅོས་འགན་བཅོལ་མ་ལག་གིས་མི་ཁྲི་10.8ལྷག་ཙམ་ལ“མི་རེར་ཡིག་ཚགས་རེ་ཡོད་པའི”གནད་སྨིན་ཡིག་ཚགས་བཟོ་རྒྱུ་གཞན་གྱི་སྔོན་ལ་ལེགས་སྒྲུབ་བྱས་ཡོད། རིམས་འགོག་སྨན་ཁབ་རྒྱག་པ་ནས་སྨན་བཅོས་རིམ་སྤོར་བྱེད་པའི་བར་དང་། དེ་ནས་སྨན་བཅོས་འགན་བཅོལ་ཞབས་ཞུའི་བར་ཁྲེང་ཀོན་ཆུས་ཀྱིས་གྲངས་གཞི་མཉམ་སྤྱོད་ལ་བརྟེན་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་བཏང་བ་དང་། གྲངས་གཞི་སྒུལ་ཤུགས་སུ་བྱས་ནས་སྨན་བཅོས་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་བྱ་སྤྱོད་ཚང་མ་མི་སེར་རྣམས་ལ་ཁྱབ་ཐུབ་པ་དང་། བློས་འགེལ་ཆོག་པ། ཚོར་ཐུབ་པ་བཅས་ཀྱི་བདེ་ཐང་གི་བདེ་རྩར་འགྱུར་བཞིན་ཡོད།

    གྲངས་འཛིན་ལ་བརྟེན་པའི་སྨན་ཁབ་རྒྱག་སྟངས།

    “ནད་དེབ་ཁྱེར་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་པ”ནས“ཆ་འཕྲིན་མྱུར་འཚོལ་བྱེད་པའི”བར།

    སྔོན་འགོག་ཁབ་རྒྱག་སའི་སྒོ་བསྟེན་སྨན་ཁང་ནང་གློག་རྡུལ་གྱི་ཨང་གྲངས་འབོད་པའི་མ་ལག་གོ་རིམ་ལྡན་པའི་ངང་སྤྱོད་བཞིན་ཡོད་པ་དང་། སྨན་དོན་མི་སྣས་གློག་ཀླད་ནང་མང་ཚོགས་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཆ་འཕྲིན་ཤེས་རྟོགས་གསལ་པོ་བྱེད་ཀྱི་ཡོད། རིམས་འགོག་སྨན་ཁབ་རྒྱག་པར་ཡོང་བའི་ཁྱིམ་བདག་ཅིག་གིས“ད་ལྟ་རིམས་འགོག་སྨན་ཁབ་ཀྱི་དེབ་འཁྱེར་དགོས་ཀྱི་མི་འདུག ཕྲུ་གུའི་ཆ་འཕྲིན་གློག་ཀླད་ནང་བླུགས་ན་རིམས་འགོག་སྨན་ཁབ་གང་ཞིག་བརྒྱབ་ཡོད་མེད་གསལ་པོར་ཤེས་ཀྱི་འདུག ཧ་ཅང་སྟབས་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    “ཁྲེང་ཀོན་ཆུས་ཀྱིས་བོད་རང་སྐྱོང་ལྗོངས་ཁོངས་ནས་གཞན་གྱི་སྔོན་ལ་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྔོན་ཁབ་རྒྱག་པའི་གྲངས་འཛིན་ཅན་གྱི་སྒོ་བསྟེན་སྨན་ཁང་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད”ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་དབང་ལགས་ཀྱིས། “དེ་ཐོག་ནས་མང་ཚོགས་ཀྱིས་དྲ་ཐོག་ནས་སྔོན་ཁབ་རྒྱག་རྒྱུ་མངགས་ཆོག་པ་དང་སྨན་ཁབ་རྒྱག་པའི་སྒོ་བསྟེན་སྨན་ཁང་དུ་གློག་རྡུལ་ཅན་གྱི་འགྲོ་ལུགས་གཉེར་རྒྱུ་མངོན་འགྱུར་བྱུང་བ་མཚོན་གྱི་ཡོད། དེ་བས་དོ་སྣང་བྱེད་དགོས་པ་ཞིག་ནི་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་གཉིས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཁབ་རྒྱག་པའི་ཆ་འཕྲིན་ཞིང་ཆེན་བརྒལ་བའི་གྲངས་གཞི་མཉམ་སྤྱོད་ཚོད་ལྟ་བྱེད་བཞིན་ཡོད། གོམ་སྟབས་རྗེས་མར་བོད་ཀྱི་ཕྲུ་གུ་ལྗོངས་ཕྱི་ནས་སྨན་ཁབ་རྒྱག་དགོས་ཚེ། ལྗོངས་ཕྱིའི་སྔོན་ཁབ་རྒྱག་སའི་སྒོ་བསྟེན་སྨན་ཁང་གིས་དེ་སྔའི་སྨན་ཁབ་བརྒྱབ་པའི་ཆ་འཕྲིན་ལ་ལྟ་ཆོག་པ་དང་། ལྗོངས་ཕྱི་ནས་སླེབས་པའི་ཕྲུ་གུ་བོད་དུ་སྨན་ཁབ་རྒྱག་དགོས་ཚེ། བོད་ནས་ཀྱང་དེ་སྔའི་སྨན་ཁབ་བརྒྱབ་པའི་ཆ་འཕྲིན་ཆ་ཚང་ཤེས་རྟོགས་ཐུབ་པས། དེས་གྲངས་གཞི་མཉམ་སྤྱོད་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་མང་ཚོགས་ཀྱིས་ཞིང་ཆེན་བརྒལ་ཏེ་སྨན་ཁབ་རྒྱག་སྐབས་བསྐྱར་ཟློས་དང་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་བྱེད་ཐུབ”ཅེས་བཤད།

    སྨན་ཁང་རིམ་སྤོར་བྱུང་བ།

    “སྒོ་བསྟེན་སྨན་བཅོས་ཞབས་ཞུ”ནས“ཕྱོགས་བསྡུས་ནད་བརྟག་སྨན་བཅོས”བར།

    རིམས་འགོག་སྨན་ཁབ་རྒྱག་པ་སྟབས་བདེ་བར་གྱུར་བ་ནི་ཁྲེང་ཀོན་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པའི་བསྡུས་རིས་ཤིག་ཡིན་ཞིང་། 2024ལོ་ནས་བཟུང་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གིས་རིམ་གཉིས་སྨན་ཁང་འཛུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱས་ནས། ཆེད་ལས་ལག་རྩལ་པ་23གདན་ཞུ་བྱས་པ་དང་ནད་སྡོད་པུའུ་བཙུགས་པ་རེད། སྨན་ཁང་གི་རྒྱལ་སྒོའི་གཡོན་ངོས་ཀྱི་གཞི་གཅིག་ཅན་གྱི་དམངས་ཕན་སྒོ་བསྟེན་ཁང་གི་བྱེད་ནུས་ཆ་ཚང་བ་དང་རྒྱུན་གཏན་གྱི་སྒོ་བསྟེན་ཚན་ཁག་9དང་སྨན་བཅོས་ལག་རྩལ་ཚན་ཁག་4བཙུགས་ནས། མང་ཚོགས་ནད་ལྟ་བར“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་གི་ཡོད།

    ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཡོན་ཏན་མགོན་པོས། ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རྒྱབ་སྐྱོར་འོག་སྨན་ཁང་གིས་རིམ་གཉིས་སྨན་ཁང་བདེ་བླག་ངང་བསྐྲུན་པ་དེ་ནི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བའི་འགོ་འཛུགས་ས་གསར་པ་ཞིག་རེད། སྨན་ཁང་གིས་སྨན་བཅོས་གཅིག་མཐུན་ཚོགས་པའི་རིགས་གཅིག་མཁས་ཅན་གྱི་ལས་གནས་རེས་སྐོར་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱུན་མཐུད་ངང་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་ཡོད། སླད་ཕྱིན་སྨན་ཁང་གིས“གཅོང་ནད་དང་དྲག་

    སྐྱེད”ཀྱི་ཁྱད་ལྡན་ཆེད་དམིགས་ཚན་ཁག་གཙོ་གནད་ཐོག་བཏོད་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིར་བརྟེན་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་དང་ཐོན་ཁུངས་བདེ་བླག་ངང་འཁོར་རྒྱུག་ཐུབ་པ་བྱ་རྒྱུ་དང་། མཁྲེགས་ཆས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་། མཉེན་ཆས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། མ་ལག་མཉམ་འགུལ་བྱེད་པ་བཅས་བརྒྱུད། ལག་རྩལ་མཐོ་བ་དང་། ཞབས་ཞུ་ལེགས་པ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ས་ཁོངས་སྨན་བཅོས་ལྟེ་གནས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    སྨན་བཅོས་འགན་བཅོལ་གྱི་ཡིག་ཚགས་བཟོས་པ།

    “གཞི་གྲངས་མི་གསལ་བ”ནས“གནད་སྨིན་ཞབས་ཞུའི”བར།

    སྨན་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་སྦྲགས་སྨན་བཅོས་འགན་བཅོལ་ཞབས་ཞུ་དུས་གཅིག་ཏུ་སྤེལ་ཞིང་། ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ལྷ་མོས“མི་རེར་ཡིག་ཚགས་རེའི”འགན་བཅོལ་ནང་ཞུགས་པའི་གྲངས་གཞིའི་མཛོད་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་འགན་བཅོལ་ནང་ཞུགས་པའི་གཞི་གྲངས་གསལ་རྟོགས་དང་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་ལ་ཞིབ་བསྡུར་བྱས་ཏེ། གནད་སྨིན་གྲངས་གཞིར་བརྟེན་ནས་སྨན་བཅོས་འགན་བཅོལ་ཞབས་ཞུའི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་རེད་ཅེས་ངོ་སྤྲོད་བྱས།

    མི་ཁྱིམ་ལོགས་དབྱེ་སོགས་ཀྱི་དཀའ་གནད་ལ་གཞིཌ་ཏེ། ཁྲེང་ཀོན་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཞི་རིམ་གྱི“ཨུ་ལྷན་གཉིས”དང་དྲ་མིག་མི་དམངས་ཉེན་རྟོག་པ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ཐེམ་ཐོ་ཉིད་གཞི་རྩའི་ཚད་གཞིར་བྱས་ནས་མི་རེ་རེ་བཞིན་ཆ་འཕྲིན་ཞིབ་བསྡུར་བྱས་པ་དང་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་ཁ་པར་ནས་ཞིབ་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་གྲངས་གཞི་འཁྲུལ་མེད་ཡང་དག་ཡོང་བར་འགན་ལེན་བྱས་ཡོད། མིག་སྔར་འགན་བཅོལ་ནང་ཞུགས་མཁན་ཁྲི་10.8ལྷག་ཙམ་ལ“མི་རེར་ཡིག་ཚགས་རེའི”ཡིག་ཚགས་བཟོ་བའི་ལས་དོན་ལེགས་པར་བསྒྲུབས་པ་དང་། ལྗོངས་ཡོངས་སུ་ལས་འགན་དེ་སྔོན་ཚུད་ནས་བསྒྲུབས་པ་རེད།

    སྔོན་ཁབ་ཀྱི་ཆ་འཕྲིན་ཞིང་ཆེན་བརྒལ་བའི་འབྲེལ་མཐུད་ནས་རིམ་པ་གཉིས་པའི་སྨན་ཁང་བཏོད་པའི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེར་གཏོང་བྱེད་པའི་བར་དང་། དེ་ནས་སྨན་བཅོས་འགན་བཅོལ་གྱི་གྲངས་གཞིའི་གནད་སྨིན་ཡིག་ཚགས་བཟོས་པའི་བར། ཁྲེང་ཀོན་ཆུས་ཀྱིས་གྲངས་གཞིའི་ཕན་ནུས་མང་ཙམ་འདོན་པར་བརྟེན་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་བཏང་སྟེ་སྨན་བཅོས་ཀྱི་ཞབས་ཞུ་ཉིད་སྔར་བས་ཁྱབ་ཐུབ་པ་དང་། བློས་འགེལ་ཆོག་པ། ཚོར་ཐུབ་པ་བཅས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།