ནག་ཆུས་3Dཚོན་པར་སྒྲིག་ཆས་སྤྱད་དེ་རུས་ཆག་སྨན་བཅོས་ཡག་པོ་བྱས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གྲོང་ཁྱེར་ཡོངས་ཀྱི་ཚོན་3Dཚོན་པར་གྱི་རམ་འདེགས་འོག རྟིང་རུས་ཆག་པར་གཅུས་གཟེར་རྒྱག་པའི་གཤགས་བཅོས་ཐོག་མ་ལམ་ལྷོངས་བྱུང་ཞིང་། ཉིན་གཉིས་པར་ནད་པ་ཉལ་ཁྲི་ནས་བབས་ཏེ་གོམ་པ་དང་པོ་སྤོ་སྐབས་ནད་ཁང་ནང་ཐལ་མོའི་རྡེབ་སྒྲས་ཁེངས། དེ་ནི་ནད་པ་དྲག་སྐྱེད་བྱུང་བའི་གཏམ་བཟང་ཞིག་ཡིན་པ་མ་ཟད། ས་བབ་མཐོ་སར་3Dཚོན་པར་དང་རུས་ནད་ཚན་ཁག་གི་རྨ་ཁ་ཆུང་བའི་གཤགས་བཅོས་ཀྱི་ལག་རྩལ་འབྲེལ་མཐུད་བྱུང་བའི་མཆོང་སྐྱོད་གལ་ཆེན་ཞིག་ཀྱང་རེད། ལག་རྩལ་བཀོལ་སྤྱོད་དེ་དབྱིབས་འདོན་པ་དང་། འཆར་འགོད་བྱེད་པ། གཤགས་བཅོས་བྱེད་པ། དྲག་སྐྱེད་བྱུང་བ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ནས་ནག་ཆུ་གྲོང་ཁྱེར་གྱི་ཁྱབ་ཁོངས་དེའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད།
ས་བབ་སྨི་4500ལྷག་ཙམ་ཟིན་པའི་བོད་བྱང་ཐང་ས་མཐོར་ཇི་ལྟར་བྱས་ནས་རུས་ཆག་གི་ན་ཟུག་ཆུང་དུ་གཏོང་བ་དང་མགྱོགས་པོ་དྲག་སྐྱེད་ཡོང་བར་བྱེད་དགོས་སམ་ཞེ་ན། 3Dཚོན་པར་སྒྲིག་ཆས་ཀྱིས་དེའི་སྐོར་གསལ་པོ་ཤེས་ཐུབ།
ལེའོ་ཉིང་ཞིང་ཆེན་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་པན་ཡུན་ཁྲའོ་ཡིས་3Dཚོན་པར་སྒྲིག་ཆས་ནག་ཆུར་ནང་འདྲེན་བྱས་ཤིང་། སྒྲིག་ཆས་བཀོལ་སྤྱོད་ཡག་པོ་ཐུབ་ཆེད་པན་ཡུན་ཁྲའོ་ཡིས་སྒྲིག་ཆས་གཏན་འཁེལ་དང་ལག་རྩལ་གྱི་དཔྱད་གྲངས་རིགས་པས་ཁུངས་སྐྱེལ་བྱེད་པ་ནས་ནད་ཐོག་སྨན་བཅོས་ཀྱི་འོས་འཚམ་རང་བཞིན་ཚད་ལེན་ཚོད་ལྟ་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས། ལས་དོན་ཚང་མ་ཞིབ་ཚགས་པོས་བསྒྲུབས་པ་རེད།
སྒྲིག་ཆས་དམིགས་སར་འབྱོར་རྗེས་པན་ཡུན་ཁྲའོ་ཡིས་ཚོགས་པའི་སྣེ་ཁྲིད་དེ་དབྱིབས་འདོན་པའི་བརྒྱུད་རིམ་ལ་སྙོམ་སྒྲིག་ཚོད་ལྟ་ཡང་ཡང་བྱས་ནས་ནད་པའི་CTབརྙན་པར་གྱི་གྲངས་གཞི་དེ་1:1གི་ཞིབ་ཚགས་ཆེ་བའི་རྩ་གསུམ་དཔེ་གཟུགས་སུ་བསྒྱུར་བ་དང་། ནད་པའི་རྟིང་རུས་ཆག་པའི་རྣམ་པ་3Dཔར་འདེབས་སྒྲིག་ཆས་ནས་གཅིག་མཚུངས་སུ་པར་བཏབ་སྟེ། རུས་པ་ཇི་ལྟར་ཆག་ཡོད་པ་དང་རུས་ཚིགས་ལ་གནོད་འཚེ་གང་འདྲ་ཕོག་མིན་གསལ་པོ་མཐོང་ཐུབ་ཀྱི་ཡོད།
གཤགས་བཅོས་བྱེད་རིང་ལེའོ་ཉིང་ཞིང་ཆེན་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཀྲའོ་ཧེང་ཝུའུ་ཡིས་ཡུལ་དངོས་སུ་དམར་ཁྲིད་བྱས་པ་དང་། ཕྱི་ནད་ཚན་ཁག་གཉིས་པའི་ཕུན་ཚོགས་ནོར་བུའི་ཚོགས་པས་རྨ་ཆུང་ལག་རྩལ་ལ་བརྟེན་ནས་རྨ་ཁ་ཆུང་ངུ་ནས་གཅུས་གཟེར་འཇུག་པ་དང་། བརྒྱུད་རིམ་ཧྲིལ་པོར་གནས་གཏན་འཁེལ་བྱེད་པ། རུས་ཚིགས་མགྱོགས་པོར་བསྒྲིགས་པ་བཅས་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་རྒྱུན་གྱི་གཤགས་བཅོས་བྱེད་སྟངས་དང་བསྡུར་ན་ད་ལྟའི་གཤགས་བཅོས་བྱེད་སྟངས་དེར་རྨ་ཁ་ཆེན་པོ་མེད་པ་མ་ཟད། རྟིང་རུས་མཐའ་འཁོར་གྱི་ཁྲག་རྒྱུན་འཁོར་རྒྱུག་ཡག་པོ་ཐུབ་པར་སྲུང་སྐྱོང་དང་གཤགས་བཅོས་བྱེད་ཡུན་ཕྱེད་ཀ་ཙམ་ཐུང་དུ་ཕྱིན་པ། གཤགས་བཅོས་བྱེད་རིང་ཁྲག་དོན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་བཅས་བྱུང་ནས་རྨ་ཁར་གཉན་ཁ་རྒྱས་པ་དང་དྲག་སྐྱེད་འགོར་བ་སོགས་ས་མཐོའི་ཐོན་མང་བའི་བླ་གཉན་ནད་ཉུང་དུ་ནུས་ལྡན་ཕྱིན་པ་མ་ཟད། གཤགས་བཅོས་བྱས་རྗེས་ན་ཟུག་ཆུང་བ་དང་། དྲག་སྐྱེད་མགྱོགས་པ། ཉལ་ཡུན་ཐུང་བ་བཅས་ཀྱང་བྱུང་ཡོད།
“དེ་སྔར་རྙོག་འཛིང་ཆེ་བའི་རུས་ཆག་གི་གཤགས་བཅོས་དེ་རིགས་ལ་ང་ཚོར་གདེང་ཚོད་མེད། ད་ཆ་3Dཚོན་པར་གྱི་རམ་འདེགས་དང་རྨ་ཆུང་ལག་རྩལ་ལ་བརྟེན་ཆོག་པས་གཤགས་བཅོས་བྱེད་ཕོད་ཀྱི་འདུག་ལ་སྔར་བས་ལམ་ལྷོངས་ཀྱང་ཡོང་གི་འདུག”ཅེས་ཕུན་ཚོགས་ནོར་བུས་བཤད། དེ་བས་གལ་འགངས་ཆེ་བ་ཞིག་ནི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྔོན་ཐོན་ལག་རྩལ་འཁྱེར་ཡོང་བ་མ་ཟད། སྨན་ཁང་ལ་རྒྱུན་མཐུད་ཆོག་པའི་ནད་བརྟག་སྨན་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བའི་མ་ལག་འཛུགས་རོགས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། དངོས་སྤྱོད་གསོ་སྦྱོང་། ནད་དཔེ་གྲོས་བསྡུར་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ས་གནས་དེ་གའི་སྨན་དོན་པར་3Dཚོན་པར་དཔེ་དབྱིབས་དང་། གཤགས་བཅོས་གོང་གི་འཆར་འགོད། རྨ་ཆུང་ལག་རྩལ་བཀོལ་སྤྱོད་སོགས་ལྟེ་བའི་རྩལ་ནུས་དམར་ཁྲིད་བྱས་ཡོད། མིག་སྔར་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གཉིས་པའི་ཚོགས་པས་ལག་རྩལ་གྱི་བརྒྱུད་རིམ་རགས་ཙམ་ཁོང་དུ་ཆུད་ཡོད་པས་ཚན་ཁག་གི་ནད་བརྟག་སྨན་བཅོས་གནད་སྨིན་ཐུབ་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།