ན་སོ་རྒས་ཀྱང་སྔར་བཞིན་ཐོས་བསམ་ལས་ལ་རྩེ་གཅིག་འབུངས།
ལྷ་ས་གྲོང་ཁྱེར་ཆུ་རགས་གླིང་སྡེ་ཁུལ་གྱི་རྒན་རྒོན་གྱི་བོད་རྒྱ་སྐད་གཉིས་གསབ་སྦྱོང་འཛིན་གྲྭའི་མཐོང་ཐོས།
དཔྱིད་ཟླ་4པའི་ལྷ་སར་དཔྱིད་རླུང་དལ་བུར་ལྡང་བ་དང་ཉི་འོད་ཚ་ལམ་ལམ་དུ་འཕྲོས་ཤིང་། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཆུ་རགས་གླིང་སྡེ་ཁུལ་གྱི་བྱེད་སྒོ་ལྟེ་གནས་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་སློབ་ཁང་གི་སྒོ་ཕྱེ་སྐབས་རྒན་རྒོན་20ལྷག་ཙམ་གྱིས་བློ་རྩེ་གཅིག་སྒྲིམ་ངང་དགེ་རྒན་དང་མཉམ་དུ་དཔེ་དེབ་ཀློག་གིན་ཡོད་པ་དེ་ནི་ཆུ་རགས་གླིང་སྡེ་ཁུལ་གྱིས་ལམ་བཟང་བཅོལ་གསོ་ལྟེ་གནས་དང་མཉམ་དུ་རྒན་རྒོན་གྱི་བོད་རྒྱ་སྐད་གཉིས་གསབ་སྦྱོང་འཛིན་གྲྭ་གཉེར་བའི་སློབ་ཁྲིད་བྱ་ཡུལ་ཡིན་པ་རེད།
“ཚང་མས་ང་དང་མཉམ་དུ་ཀློག་ཨང་། སྐུ་ཁམས་བཟང”ཞེས་ལམ་བཟང་བཅོལ་གསོ་ལྟེ་གནས་ཀྱི་ཆེད་ལས་དགེ་རྒན་གྱིས་ངང་རྒྱུད་རིང་པོས་སློབ་ཚན་ཁྲིད་བཞིན་ཡོད་པ་དང་རྒན་རྒོན་ཚོས་རྒན་ལགས་དང་མཉམ་དུ་ཡིག་འབྲུ་རེ་རེ་བཞིན་ཀློག་པ་དང་ལ་ལས་ད་དུང་ཟིན་བྲིས་འགོད་བཞིན་མཆིས།
རྒན་རྒོན་གྱི་སློབ་སྦྱོང་ཁྱད་ཆོས་ལ་དམིགས་ནས“རྨང་གཞི་གཏན་ནས་མེད་པ་ནས་འགོ་འཛུགས་པ་དང་རིམ་བཞིན་གཏིང་ཟབ་ཏུ་གཏོང་བའི”སློབ་ཁྲིད་བྱེད་སྟངས་བཀོད་སྒྲིག་བྱས་པ་རེད། སློབ་ཚན་དེ་བོད་རྒྱ་སྐད་གཉིས་ངོས་ཟིན་པ་དང་། ཚད་ལྡན་གྱི་སྒྲ་འདོན་པ། ཚད་ལྡན་གྱི་ཡིག་གཟུགས་འབྲི་བ་སོགས་རྨང་གཞིའི་ནང་དོན་ནས་འགོ་བཙུགས་ཏེ་ཚལ་ཉོ་བ་དང་། ལམ་འདྲི་བ། ནད་ལྟ་བ་སོགས་རྒྱུན་གཏན་འཚོ་བའི་ནང་སྤྱོད་གོ་ཆོད་པའི་ཐ་སྙད་དང་ཚིག་གྲུབ་མཉམ་དུ་བསྲེས་ནས་རྒན་རྒོན་ཚོས་གོ་ཐུབ་པ་དང་། ཤེས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པ་རེད།
རྒན་རྒོན་ཚོའི་སྙིང་སྟོབས་རབ་ཏུ་རྒྱས་པ་དང་འཚང་ཁ་ཤིག་ཤིག་ངང་ལག་པ་བརྐྱངས་ཏེ་དྲི་བར་ལན་འདེབས་པ་དང་རང་འགུལ་ངང་སྐད་ཆ་འདྲི་བ་ལ་སོགས་བྱེད་ཀྱི་ཡོད། སློབ་གསེང་ངལ་གསོའི་སྐབས་ཚང་མ་རུབ་རུབ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་གླེང་བ་དང་སློབ་ཁང་ནང་སྤྲོ་སྣང་དོད་པའི་སློབ་སྦྱོང་གི་རྣམ་པས་ཁེངས།
ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་རགས་གླིང་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་གྲོང་མིའི“རྒན་གཅིག་གཞོན་གཅིག”གི་ལྟེ་བའི་ཞབས་ཞུའི་དགོས་མཁོར་དམིགས་པ་དང་ད་ཐེངས་ཀྱི་བོད་རྒྱ་སྐད་གཉིས་གསབ་སྦྱོང་འཛིན་གྲྭ་གཉེར་བ་དེས་རྒན་རྒོན་ཚོགས་སྤྱིའི་སྐད་ཡིག་སློབ་སྦྱོང་གི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། སྡེ་ཁུལ་གྱི་འགན་ཁུར་བས། གོམ་སྟབས་རྗེས་མར་སློབ་ཚན་བཀོད་སྒྲིག་བྱེད་སྟངས་མུ་མཐུད་ལེགས་སུ་གཏོང་བ་དང་སློབ་ཁྲིད་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་རྒན་རྒོན་གྱི་བོད་རྒྱ་སྐད་གཉིས་གསབ་སྦྱོང་འཛིན་གྲྭ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ངང་འཚོག་རྒྱུར་སྐུལ་འདེད་བཏང་ཐོག་རྒན་རྒོན་ཚོར་སློབ་སྦྱོང་ཁྲོད་ནས་སྤྲོ་སྣང་ཐོབ་པ་དང་ཚེ་མཇུག་བདེ་ལ་རོལ་ཐུབ་པ་བྱས་ཏེ་སྡེ་ཁུལ་དེ་ཉིད་གྲོང་མིའི་ཁ་འབྲལ་ཐབས་མེད་པའི“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།