དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷག་བསམ་གཙང་མས་སྐད་ཡིག་སློབ་ཁྲིད་བྱས། བུ་ཕྲུག་མང་པོའི་མདུན་ལམ་ཡངས་སུ་བཏང་།

    —— གྲྭ་བཞི་སྡེ་ཁུལ་དོན་གཅོད་ཁང་གིས་གཉེར་བའི་བདེ་དཔལ་དབྱིན་ཡིག་སློབ་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-16

    ཟླ་4ཚེས་13ཉིན། གསར་འགོད་པ་གྲྭ་བཞི་སྡེ་ཁུལ་དོན་གཅོད་ཁང་གིས་གཉེར་བའི་བདེ་དཔལ་དབྱིན་ཡིག་སློབ་ཁང་དུ་སྐྱོད་སྐབས་སློབ་ཁང་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་འོང་། དཀར་ཆ་དོད་པའི་སྒེའུ་ཁུང་བརྒྱུད་ནས་ལྟ་དུས་སློབ་ཁང་གི་ནག་པང་ཆེ་ལ། སྒྲོག་རྩེ་དང་རྐུབ་སྟེགས་ཚང་མ་གསར་རྐྱང་ཡིན་པ་མ་ཟད། ཕྲུ་གུ་ཚོའི་ངོ་གདོང་ལས་ཤེས་བྱ་སྦྱོང་འདོད་ཀྱི་སེམས་པ་སྐོམ་པ་ཆུ་འདོད་ལྟར་དུ་སྣང་བའང་མཐོང་ཐུབ། དེ་ནི་གྲྭ་བཞི་སྡེ་ཁུལ་དོན་གཅོད་ཁང་གིས་གཉེར་བའི་རིན་པ་སྤྲོད་མི་དགོས་པའི་དབྱིན་ཡིག་སློབ་ཁྲིད་ཁང་རེད།

    ལེགས་སྐྱེས་དང་། མཛའ་མཐུན། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། ཁྱིམ་མཚེས་དབར་འཆམ་མཐུན་དང་ཡ་རབས་ཀྱི་རྣམ་པ་བཟང་པོ་གཏོད་པ། གྲོང་མི་དང་སྡེ་ཁུལ་དབར་གྱི་སེམས་ཐག་ཉེ་རུ་གཏོང་བ། སྡེ་ཁུལ་གྱི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་བསྐངས་ནས་དྲོ་སྐྱིད་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། བདེ་དཔལ་དབྱིན་ཡིག་སློབ་ཁང་གིས་དོན་སྙིང་ལྡན་པའི་དབྱིན་ཡིག་སློབ་ཁྲིད་ཀྱི་སྤྱི་ཕན་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་གྲྭ་བཞི་སྡེ་ཁུལ་དོན་གཅོད་ཁང་གིས་སྒྲིག་འཛུགས་བྱས་ཤིང་། རིན་པ་མི་དགོས་པའི་དབྱིན་ཡིག་སློབ་ཁྲིད་དེ་སློབ་ཆུང་སློབ་མར་དམིགས་པ་ཞིག་དང་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་དབྱིན་ཡིག་གི་གསལ་བྱེད་ངོས་འཛིན་དང་ཀློག་སྟངས་སྦྱོང་བརྡར་དང་། དེ་བཞིན་དབྱིན་ཡིག་སྦྱོང་ཚན་ཟུར་ཁྲིད་སོགས་བཀོད་སྒྲིག་བྱས་ཡོད། སྡེ་ཁུལ་གྱི་ལས་དོན་པས་རི་མོའི་ལམ་ནས་སློབ་ཁྲིད་དང་རོལ་རྩེད་རྩེ་བ། གཞས་གཏོང་བ་སོགས་ཀྱི་གསོན་ཉམས་དོད་པའི་སློབ་ཁྲིད་བྱེད་སྟངས་བརྒྱུད་སྤྲོ་སྣང་དང་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་ཕྲུ་གུ་ཚོར་དབྱིན་ཡིག་སྦྱོང་འདོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་བཞིན་ཡོད།

    སྡེ་ཁུལ་གྱིས་དབྱིན་ཡིག་གི་དང་བླངས་ཞབས་ཞུའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། དབྱིན་ཡིག་གི་དགའ་མོས་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། ད་དུང་རྒྱུན་རྣམ་ཅན་གྱི་ཞབས་ཞུའི་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། སྡེ་ཁུལ་གྱི་ལས་དོན་པས། དེ་ནི་དབྱིན་ཡིག་ཤེས་བྱ་བརྒྱུད་སྤྲོད་བྱས་པ་ཙམ་མིན་པར། ཁྱིམ་བདག་ཚོའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་དང་ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཆེད་དེ་བས་ཡིན། ང་ཚོས་སྤྱི་ཕན་བྱེད་སྒོ་འདི་བརྒྱུད་ཕྲུ་གུ་ཚོས་དབྱིན་ཡིག་གི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ནས་ཁོང་ཚོས་སེམས་གཏིང་ནས་སློབ་སྦྱོང་ལ་དགའ་ཞེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

    སྤྱི་ཕན་བྱེད་སྒོ་དེར་ཞུགས་མཁན་ཁྱིམ་བདག་བདེ་སྒྲོན་གྱིས། “དུས་རྒྱུན་ང་རང་ལས་བྲེལ་ཆེ་བས། ཕྲུ་གུའི་སློབ་སྦྱོང་ལ་དོ་སྣང་དེ་ཙམ་ཡོང་གི་མི་འདུག་ལ་ཕྱིར་སློབ་ཚན་དེ་རིགས་སྦྱོང་བར་དངུལ་མང་པོ་དགོས་ཀྱི་འདུག ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོ་ལས་ཕྲུ་གུས་ཐག་ཉེ་ས་ནས་དབྱིན་ཡིག་སྦྱོང་ཐུབ་པ་མ་ཟད། ད་དུང་རིན་པ་ཡང་སྤྲོད་མི་དགོས་པས་དཔལ་འབྱོར་ཆ་རྐྱེན་ཡག་པོ་དེ་ཙམ་མེད་པའི་ང་ཚོའི་ངོས་ནས་བརྗོད་ན་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་བ་ཞིག་ཡིན་པས་དངོས་འབྲེལ་གཅིག་གོ་ཉིས་ཆོད་རང་རེད་འདུག ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    སྤྱི་ཕན་བྱེད་སྒོ་འདི་གཟའ་མཇུག་ཙམ་མ་ཟད། ད་དུང་གུང་གསེང་དུའང་སྤེལ་གྱི་ཡོད། བྱེད་སྒོ་དེ་ལས་དམངས་བདེ་དམངས་ཕན་དོན་ཐོག་ཏུ་འཁྱོལ་ནས་གྲོང་མིར་ཕན་བདེ་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ་གང་ལེགས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།