དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • 2025ལོར་རང་ལྗོངས་ཀྱི་རླུང་ནད་འདར་བུའི་སྨན་བཅོས་འགན་བཅོལ་གྱི་འགན་ལེན་གསུམ་གྱིས་ནད་པའི་སྨན་རིན་གྱི་ཁུར་པོ་སྒོར་ཁྲི་266.65ཡང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    ཟླ་4ཚེས་11ཉིན་ནི་འཛམ་གླིང་གི་རླུང་ནད་འདར་བུའི་ཉིན་མོ་ཐེངས་30པ་དེ་རེད། གསར་འགོད་པར་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རླུང་ནད་འདར་བུའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། སྨན་ཁང་དུ་བསྡད་དེ་ཐ་སྐྱོང་དང་། སྒོ་བསྟེན་གྱི་གཅོང་ནད་དང་དམིགས་བསལ་ནད་འགན་ལེན། སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཁ་གསབ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འགན་ལེན་མ་ལག་བཙུགས་ཤིང་། རིམ་རྩིས་བརྒྱབ་ན། 2025ལོར་ལྗོངས་ཕྱི་ནང་གི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་མཁན་རང་ལྗོངས་ཀྱི་རླུང་ནད་འདར་བུའི་འགན་བཅོལ་ནང་ཞུགས་མཁན་ནད་པ་མི་ཐེངས་1905ཟིན་པ་དང་སྨན་བཅོས་འགན་བཅོལ་གྱི་འགན་ལེན་གསུམ་གྱིས་ནད་པའི་སྨན་རིན་གྱི་ཁུར་པོ་སྒོར་ཁྲི་266.65ཡང་དུ་བཏང་ཡོད་པ་རེད།

    ནད་པའི་སྨན་བཅོས་དང་སྨན་སྤྱོད་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། 2019ལོར་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་བཙུགས་ཚུན། རླུང་ནད་འདར་བུའི་ནད་གཞིའི་རིགས་ཀྱང་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་འགན་ལེན་ཁྱབ་ཁོངས་སུ་བཅུག་ཅིང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ཁ་གསབ་འགན་བཅོལ། སྨན་བཅོས་རོགས་སྐྱོབ། མི་སྒེར་གྱི་རྩིས་ཐོ་བཅས་ཀྱིས་མཉམ་དུ་ཤུགས་བརྒྱབ་པ་བརྒྱུད། ཕྱོགས་ཡོངས་དང་ཁུག་གསང་སྟོང་གསུམ་མ་ལུས་པའི་འགན་སྲུང་རྣམ་པ་ཞིག་གྲུབ་ནས་ནད་པའི་ཁུར་པོ་ཡང་དུ་གང་ཐུབ་བཏང་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིཌ་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་རླུང་ནད་འདར་བུའི་འགན་བཅོལ་ནང་ཞུགས་མཁན་ནད་པ་མི་ཐེངས་5589ལ་སྨན་བཅོས་བྱས་པ་དང་། སྨན་བཅོས་ཀྱི་འགྲོ་སོང་བསྡོམས་འབོར་སྒོར་ཁྲི་1579.5ཟིན་པའི་ནང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་འགྲོ་སོང་སྒོར་ཁྲི་1078.9རྩིས་ཞུ་དང་། ཁ་གསབ་འགན་བཅོལ་གྱིས་འགྲོ་སོང་སྒོར་ཁྲི་93.36རྩིས་ཞུ། སྨན་བཅོས་རོགས་སྐྱོབ་ཀྱིས་འགྲོ་སོང་སྒོར་ཁྲི་11.33རྩིས་ཞུ་བཅས་བྱས་པས། སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།