དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • འཕྲལ་དོན་འཕྲལ་སྒྲུབ་དང་ཆེད་དོན་ཆེད་སྒྲུབ་བྱེད་པ།

    —— རང་ལྗོངས་ཀྱི་རིམ་པ་དེ་གའི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུར“ཐོགས་མེད་བགྲོད་ལམ”བཏོད་པས་མང་ཚོགས་ཀྱི་མོས་བསྟོད་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    “སྨན་རིན་རྩིས་ཞུའི་དངུལ་མགྱོགས་པོ་དེ་འདྲ་རག་གི་རེད་བསམ་ཡུལ་ལའང་མ་བྱུང་། དངོས་ནས་ངའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཐུབ་སོང”ཉེ་དུས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་དོན་གྲུབ་ཀྱིས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་ལྗོངས་ཕྱིར་ཡུན་རིང་སྨན་བཅོས་བྱེད་སྐབས་སྨན་རིན་ཚང་མ་སྔ་རྟིང་བཏང་བས། སྐབས་ཤིག་རིང་སྨན་རིན་མང་བས་ཁྱིམ་ཚང་གི་འགྲོ་སོང་ཁ་ཐང་པོ་བྱུང་།

    རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་ལས་གཉེར་པས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཁོང་ལ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི“ཐོགས་མེད་བགྲོད་ལམ”བཏོད་པས་ལས་རིམ་ཉིན་20འགོར་བའི་དུས་ཚོད་དེ་ཉིན་གཅིག་ནང་དཔྱད་གཞི་ཞིབ་དཔྱད་དང་། ཐོབ་ཐང་རྩིས་ཞུ། མ་དངུལ་གཏོང་སྤྲོད་བཅས་ཀྱི་ལས་ཀ་ཚང་མ་ཚར་བ་རེད།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཐོག་མཐའ་བར་དུ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་པ་དང་དམངས་ཆེད་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ཏེ། ཁྱིམ་ཚང་གི་དཀའ་ངལ་དང་། ནད་ཡུན་རིང་བས་སྨན་རིན་མཐོ་བ། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། དབུལ་ལོག་སླ་བའི་མི་སྣ་སོགས་དམིགས་བསལ་གྱི་མི་ཚོགས་ལ་དམིགས་ནས། སྨན་བཅོས་འགན་བཅོལ་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ལག་རྩལ་གྱི་བཀག་རྒྱ་སེལ་བ། འགྲོ་ལུགས་གཉེར་སྟངས་ལེགས་སུ་གཏོང་བ། སྨན་རིན་རྩིས་ཞུའི“ཐོགས་མེད་བགྲོད་ལམ”གཏོད་པ། དུས་ཚོད་དམ་འཛིན་བྱེད་པ། “སྔོན་ལ་གཉེར་བ་དང་། མགྱོགས་མྱུར་ཞིབ་དཔྱད་བྱེད་པ། དུས་ཐོག་ཏུ་རྩིས་ཞུ་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ། འགྲོ་ལུགས་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ། “འཕྲལ་དོན་འཕྲལ་སྒྲུབ་དང་ཆེད་དོན་ཆེད་སྒྲུབ”བཅས་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ལས་མི་སེམས་དྲོ་བ་མ་ཟད། ལས་སྒྲུབ་ཡང་མགྱོགས་པོ་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་གྱིས་དུས་ཚིགས་དང་པོར་བདག་སྤྲོད་བྱས་པའི་ལས་སྒོ་སྣ་ཚོགས་2000ལྷག་ཙམ་ཟིན་པའི་ནང“ཐོགས་མེད་བགྲོད་ལམ”བརྒྱུད་སྒྲུབ་གཉེར་བྱས་པའི་ལས་སྒོ་120ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་50%འཕར་ཞིང་། སྒྲུབ་གཉེར་བྱས་པའི་ཆ་སྙོམས་དུས་ཡུན་ལས་ཀའི་ཉིན་5ཡིན་པ་དང་མང་ཚོགས་ཀྱི་དགོས་མཁོ་གནད་སྨིན་ངང་བསྐངས་པས་སྒྲུབ་གཉེར་གྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མགྱོགས་མྱུར་སྒྲུབ་གཉེར་བྱས་པའི་སྨན་རིན་རྩིས་ཞུ་རེ་རེ་ལས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ལས་དོན་པས་སྨན་བཅོས་འགན་བཅོལ་ཞབས་ཞུ་དེ“གཞན་སྐུལ་གྱིས་དང་ལེན”ནས“རང་འགུལ་ངང་སྒྲུབ་པའི”བར་འགྱུར་བར་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་ཡིན་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།