“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ཚན་རྩལ་གསར་གཏོད་སྐས་རིམ་གསར་པར་སླེབས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་ཚད་བརྒལ་གསར་པ་བྱུང་བ་དང་། དམིགས་ཚད་ལས་འགན་ཁག་ཚད་བརྒལ་ལེགས་གྲུབ་བྱུང་བ། ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ་བཅས་བྱུང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཞིང་། 2024ལོ་དང་2025ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཚད་ལྡབ་འཕར་བྱུང་ནས། གསར་གཏོད་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་གསར་གཏོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
གཙོ་གནད་ཁྱབ་ཁོངས་སུ། འགག་རྩའི་ལག་རྩལ་ཁག་གཅིག་གི་འགག་སྒྲོལ་ལ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་ནས་ཚན་རྩལ་གྱི་འདེགས་སྐྱོར་སྣེ་ཁྲིད་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལག་རྩལ་རྒྱུན་ཆད་མེད་པར་རིམ་འཕར་བྱུང་ནས། ཞིང་འབྲོག་པའི་འབབ་འཕར་དང་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་ནུས་ལྡན་ཐུབ་ཡོད། སྐྱེ་ཁམས་སྲུང་སྐྱོང་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་ཀྱི་གཙོ་གནད་ལས་འགན་ལག་བསྟར་བརྟན་པོ་ཐུབ་སྟེ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱུང་ཡོད་པ་རེད།
དམངས་འཚོའི་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་གཞན་སྒྱུར་དང་དོན་འཁྱོལ་ཐུབ་སྟེ། གསར་གཏོད་ཀྱི་ཁེ་སྤོགས་དེ་བས་མང་བར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ཡོད། ས་མཐོའི་བདེ་ཐང་ལ་འགན་སྲུང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནས་གནས་འཕྲོད་ཁོར་ཡུག་འཛུགས་སྐྲུན་དང་འཚོ་བའི་སྒྲིག་བཀོད་ལེགས་སུ་གཏོང་བའི་བར། ཐོན་སྐྱེད་དང་འཚོ་བའི་ཁྲོད་གོ་ཆོད་པའི་ལག་རྩལ་ཁག་གཅིག་བེད་སྤྱོད་རྒྱ་ཁྱབ་ཐུབ་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།
ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་ཕྱིན་ནས། གསར་གཏོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། ལག་རྩལ་གསར་གཏོད་ལྟེ་གནས། ཚན་རྩལ་གླིང་ཁུལ་སོགས་ཀྱི་ལས་སྟེགས་སྣ་ཚོགས་སྤུས་འབྲས་ལེགས་གཉེར་བྱུང་བ་དང་། གསར་གཏོད་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་ཐབས་དེ་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།