སྐོར་སྐྱོད་སྨན་བཅོས་ཧུར་ཐག་བྱས། གཟུགས་གཞི་བདེ་ཐང་ལེགས་པར་བསྲུངས།
—— བོད་བྱང་ཐང་གི་སྐོར་སྐྱོད་སྨན་བཅོས་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བའི་སྐོར་གླེང་བ།
གཞི་རིམ་གྱི་སྨན་བཅོས་ལས་ཕྱོད་ཆེ་རུ་བཏང་སྟེ་ས་མཐོའི་གཞི་རིམ་གྱི“སྨན་བཅོས་བྱེད་དཀའ་བ”དང“སྨན་བཅོས་བྱེད་འགོར་བའི”དཀའ་གནད་ཇི་ལྟར་སེལ་དགོས་སམ། ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་བདེ་ཐང་རྨང་གཞི་ཇི་ལྟར་བརྟན་དུ་གཏོང་དགོས་སམ།
ཆ་སྙོམས་ས་བབ་ལ་སྨི་4500ལས་བརྒལ་བའི་བྱང་རྩྭ་ཐང་དུ་སྨན་དོན་པས་སྦག་སྦག་བཞོན་ནས་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་པའི་ལམ་ནས་ལན་བཏབ་ཡོད་ལ། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་བཟང་པོར་བརྟེན་ནས་དམངས་འཚོའི་དཀའ་གནད་སེལ་བའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ནས་དེ་བས་ཀྱང་ལན་བཏབ་ཡོད།
ཉེ་ཆར་གསར་འགོད་པས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་གྲོང་ཚོའི་སྨན་པ་དང་མཉམ་དུ་གྲང་ངར་ཆེ་བའི་རླུང་བུའི་ཁྲོད་དུ་སྦག་སྦག་བཞོན་ནས་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་དེ། འབྲོག་པའི་ཁྱིམ་དུ་སྨན་བཅོས་ཞབས་འདེགས་ལེགས་པར་ཇི་ལྟར་ཞུ་ཚུལ་ལ་དཔང་པོ་བྱས་པ་ཡིན།
བྱ་སྤྱོད་ཕྲན་བུ་ལས་བརྩེ་སེམས་མངོན་པ།
སྦག་སྦག་གི་སྒྲ་ཐོས་མ་ཐག་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྱི་ལོ་74ལ་སླེབས་པའི་བགྲེས་སོང་བསམ་གྲུབ་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གྲིབ་སྐྱོན་ཕོག་ནས་ལོ་མང་པོར་ཉལ་སར་ལུས་པ་མ་ཟད་མཆིན་པ་དང་མཁལ་མའི་ནུས་པ་ཉམས་ནས་རྒྱུན་སྤྱོད་སྨན་མང་པོ་གཏོང་ཐབས་བྲལ་ལ། ཐག་རིང་ལ་སྨན་པ་བསྟེན་པར་འགྲོ་མི་ཐུབ་པའི་རྐྱེན་གྱིས་ཁོང་ལ་ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་སེམས་ཁྲལ་ཆེན་པོའང་བྱུང་མྱོང་།
གྲོང་ཚོའི་སྨན་པ་བསོད་ནམས་ཚེ་རིང་གིས་སྦག་སྦག་གི་ཁ་བཀག་སྟེ་སྨན་བཅོས་རོགས་སྐྱོར་ཁུག་མ་ཁུར་ནས་མགྱོགས་མྱུར་ནད་པའི་ཁྱིམ་དུ་ཡོང་། ཁོང་གིས“བསམ་གྲུབ་ལགས། དེ་རིང་གང་འདྲ་འདུག”ཅེས་སྐད་ཆ་འདྲི་གིན་བགྲེས་སོང་གི་ཕུ་ཐུང་བརྫེས་ནས་བྱང་ཆ་དོད་པོས་ཁྲག་ཤེད་འཇལ་བ་དང་། འཕུར་མཉེད་གཏོང་བ། པགས་པར་རྨ་ཤུལ་ཆགས་མིན་སོགས་ལ་བལྟས།
“སྔོན་མ་ཡིན་ན་ང་རང་ད་བར་གསོན་ཐབས་བྲལ། ཁྱིམ་དུ་ངལ་གསོས་ནས་སྡོད་རྒྱུ་དེ་བས་ཀྱང་ཁག་པོ་རེད། སྟབས་ལེགས་པ་ཞིག་ལ་སྨན་པས་ཁྱིམ་དུ་ཡོང་ནས་སྨན་བཅོས་ཡག་པོ་བྱས་པས་ང་ད་བར་སྣང་དག་མ་བྱུང”ཞེས་བསམ་གྲུབ་ཀྱིས་གྲོང་ཚོའི་སྨན་པར་ལྟ་བཞིན་དུ་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་བཤད།
བསོད་ནམས་ཚེ་རིང་གིས“ད་ཆ་སྐོར་སྐྱོད་སྨན་བཅོས་བྱེད་པར‘ལྕགས་རྟ’ཡོད་པས་ལམ་ཉེ་ས་ནས་ཕྱིན་ན་རླངས་འཁོར་ལས་སྐར་མ་བཅུ་ཡིས་མགྱོགས་པ་འདུག ང་ཚོ་སྐད་གཏོང་རྐྱང་གནང་ཨང་། ཁྱེད་བདེ་ཐང་བྱུང་ན་ང་ཚོ་གཞི་ནས་བློ་བདེ་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད། སྐབས་དེར་སྐོར་སྐྱོད་སྨན་བཅོས་སྦག་སྦག་གིས་འཁྱེར་ཡོང་བ་ནི་སྨན་རྫས་དང་ཡོ་བྱད་རེད་ལ། “དུས་དང་རྣམ་པ་ཀུན་ཏུ་བརྟེན་ཆོག་པའི”བདེ་འཇགས་ཀྱི་ཚོར་སྣང་ཡང་རེད།
བྱ་བ་དངོས་ལས་སྤྱོད་ཚུལ་མངོན་པ།
གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)1205ཡི་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་དཀའ་གནད་ལ་དམིགས་ཏེ། 2025ལོར་ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་781བཏང་ནས་གྲོང་ཚོ(གྲོང་ལྷན)ཚང་མར་ཆེད་སྤྱོད་སྐོར་སྐྱོད་སྨན་བཅོས་སྦག་སྦག་བཀོད་སྒྲིག་བྱས་པ་དང་འབྲེལ་ཟླ་11པར་སྤྲད་ཅིང་། དེ་དང་ཆབས་ཅིག་བཙུགས་པའི“གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྣེ་ཁྲིད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་མཉམ་འགུལ་བྱེད་པ། གོང་རིམ་སྨན་ཁང་གིས་འདེགས་སྐྱོར་བྱེད་པ”བཅས་ཀྱི“1+1+1”ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་དྲ་རྒྱར་བརྟེན་ཏེ། ཕྱོགས་གཉིས་ནས་སྨན་ཁང་སྒྱུར་ལམ་ཐོགས་མེད་ཤར་བགྲོད་ཐུབ་པར་བྱས་པས། ཁྱིམ་ཚང་སྨན་པ་དག་མང་ཚོགས་བདེ་ཐང་སྲུང་མཁན་དུ་དངོས་འབྲེལ་གྱུར་ཡོད།
“གྲོང་རྡལ་འཕྲོད་བསྟེན་ཁང་དང་བར་ཐག་སྤྱི་ལེ་65ཡོད་པའི་རག་ཐབ་གྲོང་ཚོ་ནི་གྲོང་རྡལ་ཡོངས་ཀྱི་ཐག་རིང་ཤོས་ཀྱི་གྲོང་ཚོ་རེད། ཐག་རིང་ཤོས་སུ་གནས་པའི་འབྲོག་དུད་དང་གྲོང་རྡལ་འཕྲོད་བསྟེན་ཁང་བར་ལ་བར་ཐག་སྤྱི་ལེ་80ལྷག་ཙམ་ཡོད། དེ་སྔ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ལྗིད་འདེགས་རླངས་འཁོར་གཅིག་ཡོད་པ་དེ་བཏང་སྟེ། གྲོང་རྡལ་ཡོངས་ཀྱི་མིར་བདེ་ཐང་བརྟག་དཔྱད་བྱེད་པར་སྐྱོད་པར་དུས་ཚོད་ཟླ་བ་གཅིག་ཙམ་འགོར་གྱི་འདུག ད་ཆ་གྲོང་ཚོའི་སྨན་པས་སྦག་སྦག་བཞོན་ནས་ཚོགས་ཆུང་ཁག་བགོས་ཀྱིས་སྐོར་སྐྱོད་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་གཟའ་འཁོར་གཅིག་ཀྱང་མ་འགོར་བར་ས་ཁོངས་ཡོངས་ཀྱི་བརྟག་དཔྱད་ལས་འགན་ལེགས་གྲུབ་ཐུབ་པ་དེ། སྔོན་མ་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད”ཅེས་རྩ་རིང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་སྐོར་སྐྱོད་སྨན་བཅོས་ཀྱི་འདྲི་རྟོགས་ལག་དེབ་ལ་ལྟ་བཞིན་དུ་བཤད།
དོན་དག་ཆུང་ཙག་ནས་འགན་སེམས་མཚོན་པ།
“དེ་སྔོན་འབྲོག་པར་ནད་ཕོག་ན་མ་གཏོགས་སྨན་པ་བསྟེན་པར་ཡོང་གི་མེད་མོད། འོན་ཀྱང་ད་ཆ་རང་འགུལ་ངང་བདེ་ཐང་གི་གནས་ཚུལ་འདྲི་རྩད་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་ཡི་ཡོད། མིག་སྔར་གྲོང་རྡལ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་གཟུགས་པོར་བརྟག་དཔྱད་བྱེད་པ་དེ་འབྲོག་པ་ཡོངས་སུ་ཁྱབ་ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
བོད་བྱང་ཐང་དུ་སྐོར་སྐྱོད་སྦག་སྦག་ནི་སྨན་བཅོས་ཡོ་བྱད་ཅིག་རེད་ལ། བདེ་ཐང་དྲིལ་བསྒྲགས་སློབ་གསོའི་སྒུལ་བདེའི་ལས་སྟེགས་ཤིག་དེ་བས་ཀྱང་རེད། གྲོང་ཚོའི་སྨན་པ་ཚོས་སྐོར་སྐྱོད་སྨན་བཅོས་བྱེད་རིང་ཐོན་མང་བའི་ཡུལ་ནད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཆབས་ཅིག་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཡང་བཏང་ནས“སྔོན་འགོག་སྔ་ཙམ་དང་། ཤེས་རྟོགས་སྔ་ཙམ། སྨན་བཅོས་སྔ་ཙམ”བཅས་བྱ་རྒྱུའི་འདུ་ཤེས་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།