ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་མང་པོ་ནས་ཤུགས་བརྒྱབ་སྟེ་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ།
2025ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་རྒྱ་སྐྱེད་དང་། དགེ་རྒན་གྱི་འོས་ཐོབ་མཐོར་གཏོང་། གཞུང་དྲང་འགན་ལེན་བཅས་དམ་འཛིན་བྱ་གཞིར་བྱས་ཏེ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་སློབ་གྲྭར་ཞུགས་ཚད་སོགས་ལྟེ་བའི་དམིགས་ཚད་ཁག་གནས་ཚད་མཐོ་པོར་བརྟན་པོའི་ངང་གནས་པ་དང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་བརྟན་པོའི་ངང་ལེགས་སུ་ཕྱིན་ཏེ། སློབ་གསོའི་ཉི་འོད་ཁྱིམ་ཚང་ཁྲི་སྟོང་མང་པོར་འཕྲོས་ཡོད།
བསྡོམས་རྩིས་ལྟར་ན། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99%ཡན་ཟིན་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་མ་ཟད། འོས་འགན་སློབ་གསོའི་དུས་མཚམས་སུ་གྲོང་ཁྱེར་དུ་གླ་པ་རྒྱུག་པར་ཡོང་མཁན་གྱི་མཉམ་སྤོས་བུ་ཕྲུག་བཅའ་སྡོད་བྱ་ཡུལ་དུ་སློབ་གྲྭར་ཞུགས་ཚད་ཀྱང་100%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ད་ཡོད་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་108དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་40108ཡོད་པ། ཆེད་བསྐོས་དགེ་རྒན་ལ་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་བསྡུར་ཚད་79.07%ཟིན་ནས་དགེ་རྒན་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། སློབ་གསོའི་སྤུས་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་2025ལོར་གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་ནང་སྤྱིའི་ཚད་གཞི་ལོན་ཚད་89.28%ཟིན་ཞིང་། དེའི་ནང་གཙོ་གནད་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་རྒྱུགས་འཕྲོད་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.54མཐོ་རུ་ཕྱིན་ནས་སློབ་སྦྱོང་གི་སྤུས་ཚད་བརྟན་པོའི་ངང་ཚད་བརྒལ་བྱུང་ཡོད།
སློབ་གསོའི་སྤུས་ཚད་མཐོ་རུ་ཕྱིན་པ་དེ་སྲ་ཞིང་བརྟན་པའི་སྲིད་ཇུས་ཀྱི་འགན་ལེན་དང་ཐོན་ཁུངས་ཀྱི་གཏོང་ཆ་དང་ཁ་འབྲལ་ཐབས་མེད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མུ་མཐུད་ཁྱབ་གདལ་བཏང་ཞིང་། བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་ཡོན་དང་། དཔེ་དེབ་ཀྱི་རིན་པ། ཞག་སྡོད་ཀྱི་གྲོན་དངུལ་བཅས་ཚང་མ་རྩ་ཆག་བཏང་བ་མ་ཟད། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཚད་གཞི་ཡང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ཚད་གཞི་ཐེངས་23མཐོ་རུ་བཏང་རྗེས། མིག་སྔར་སློབ་མ་རེར་ལོ་རེར་ཆ་སྙོམས་ཁ་གསབ་དངུལ་སྤྲོད་ཚད་སྒོར་4700ཟིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚང་མར་ཁྱབ་ནས་ཁྱིམ་ཚང་གི་སློབ་གསོའི་ཁུར་པོ་ཡང་དུ་ཕྱིན་ཡོད། སློབ་ཁྲིད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། ད་ཆ་གྲོང་ཁྱེར་ཡོངས་སུ“སྦྲ་གུར་སློབ་ཆུང”དང“རྟ་ཐོག་སློབ་ཆུང”སོགས་ཀྱི་རྣམ་པ་རྙིང་པ་མཐོང་རྒྱུ་མེད་པ་དང་། སློབ་གྲྭ་ཚང་མར་དྲ་ཆེན་ཤར་གཏོང་ཐུབ་ཚད་100%ཟིན་པ། གློག་རྡུལ་དཀར་པང་ཁྱབ་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཇོ་མོ་གླང་མའི་དར་སྤྲིན”ཞེས་པའི་ལས་སྟེགས་བརྒྱུད། ཐག་རིང་ལུང་ཁུག་གི་སློབ་མས་ཀྱང་པེ་ཅིང་དང་ཧྲང་ཧའེ་སོགས་དར་རྒྱས་ཆེ་བའི་ས་ཁུལ་གྱི་སྤུས་ལེགས་སློབ་ཚན་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་ཀྱི་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་། སློབ་གྲྭ་བཅས་རིམ་པ་ལྔའི་གསོ་སྦྱོང་མ་ལག་བཙུགས་ཤིང་། གྲོང་ཁྱེར་རིམ་པའི་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་13གྱིས་སྣེ་ཁྲིད་དེ། མཐོ་རིམ་རྒན་པའི་དགེ་རྒན་དང་མཐོ་རིམ་དགེ་རྒན་གྱི་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་པ་དང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་དགེ་རྒན་གྱིས་22.3%ཟིན་ཡོད། དེ་དང་དུས་མཚུངས་སློབ་གསོའི་བོད་སྐྱོར་ལམ་སྲོལ་ལ་བརྟེན་ནས“སློབ་གྲྭ་དང་མཉམ་འབྲེལ”མཉམ་ལས་དང་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱེད་སྟངས་སྤྱད་དེ། ས་གནས་དེ་གའི་དགེ་རྒན་དང་བོད་སྐྱོར་དགེ་རྒན་ཚོར་མཉམ་དུ་སློབ་ཁྲིད་གྲ་སྒྲིག་དང་། ཞིབ་འཇུག་གྲོས་བསྡུར། སློབ་ཁྲིད་བྱེད་སྟངས་ལེགས་གཏོང་བཅས་བྱེད་དུ་བཅུག་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།