དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཁྲེང་ཀོན་ཆུས་རྩིད་ཞིང་སྡེ་ཁུལ་དུ་སྤྱི་ཕན་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-14

    ཉིན་ཤས་གོང་། བོད་ལྗོངས་དེང་རབས་སྨན་ཁང་གི་སྨན་བཅོས་ཚོགས་པ་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་རྩིད་ཞིང་སྡེ་ཁུལ་དུ་བསྐྱོད་དེ། “སྡེ་ཁུལ་དུ་སྨན་བཅོས་བྱེད། དམངས་སེམས་ལ་དྲོ་སྐྱིད་སྦྱིན”ཞེས་པའི་སྤྱི་ཕན་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་མིའི་བདེ་ཐང་འགན་ལེན་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་སྨན་དོན་པས་གྲོང་མིར་བདེ་ཐང་བློ་འདྲི་དང་། ཁྲག་ཤེད་དང་ཁྲག་མངར་བརྟག་དཔྱད། ཀྲུང་ལུགས་གསོ་རིག་གི་དངོས་ལུགས་སྨན་བཅོས་སོགས་དམངས་ཕན་ཞབས་ཞུའི་ལས་དོན་སྤེལ་ཞིང་། བུད་མེད་ཀྱི་རྒྱུན་མཐོང་བདེ་ཐང་གནད་དོན་དང་རྒན་རྒོན་གྱི་གཅོང་ནད་སོགས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས། སྨན་དོན་པ་ཚོས་གོ་བདེའི་ཤེས་སླའི་སྐད་ཆའི་ཐོག་ནས་དོགས་གཞིར་ལན་ཞིབ་ཕྲ་བཏབ་པ་མ་ཟད། བརྟག་དཔྱད་བྱས་འབྲས་དང་ཟུང་འབྲེལ་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཀྱི་གྲོས་འགོ་བཏོན་པ་དང་། རྒྱུན་གཏན་གྱི་ལུས་ཁམས་བདེ་སྲུང་གང་འདྲ་བྱེད་དགོས་མིན་བརྗོད་པ། མོ་ནད་སྔོན་འགོག་དང་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་སོགས་ཀྱི་ནད་གཞི་བཅོས་ཐབས་བཏོན་ཏེ། གྲོང་མི་སྡེ་ཁུལ་དུ་སྨན་བཅོས་གང་ལེགས་ཐུབ་པར་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་དེང་རབས་སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་ནས་སྤྱི་ཕན་འོས་འགན་སྨན་བཅོས་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ་སྡེ་ཁུལ་དུ་ཞབས་འདེགས་ཧུར་ཐག་ཞུས་པ་མ་ཟད། ད་དུང་སློབ་གྲྭ་དང་ལས་ཁུངས་ཚན་པ་སོགས་སུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་པ་དང་ལས་བཟོ་སོགས་ལ་སྨན་བཅོས་ཞབས་འདེགས་ཞུ་བའི་བྱེད་ཐབས་བཟོས་ཡོད།

    བོད་ལྗོངས་དེང་རབས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས། “རྒྱལ་སྤྱིའི་དང་བླངས་ཉིན་མོར་འོས་འགན་སྨན་བཅོས་བྱེད་པ་ནི་དང་བླངས་ཀྱི་ཞབས་ཞུ་ཞིག་ཡིན་པ་མ་ཟད། སྨན་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་རྒྱུན་རྣམ་ཅན་གྱི་བྱ་སྤྱོད་ཅིག་ཀྱང་རེད”ཅེས་ངོ་སྤྲོད་བྱས་པ་མ་ཟད། 2025ལོར་བོད་ལྗོངས་དེང་རབས་སྨན་ཁང་གིས་སྨན་བཅོས་བདེ་ཐང་གི་ཞབས་འདེགས་ཐེངས་40ལྷག་ཙམ་ཞུས་པ་དང་། སྡེ་ཁུལ་དང་། ཁེ་ལས། སློབ་གྲྭ་བཅས་སུ་མུ་མཐུད་བསྐྱོད་དེ། རྒྱུན་རྣམ་ཅན་གྱི་བདེ་ཐང་ཞབས་འདེགས་ཞུས་པ་བརྒྱུད། མང་ཚོགས་ཚོས་ཆེད་ལས་དང་དྲོ་སྐྱིད་ལྡན་པའི་བདེ་ཐང་གི་རྣམ་པ་ཚོར་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།