དགེ་རྒན་གྱིས་སློབ་མར་རྩོམ་ཡིག་བཅོས་ཐབས་ཐད་ཁྲིད་སྟོན་ཇི་ལྟར་བྱེད་དགོས་ཚུལ་ཅུང་ཟད་གླེང་བ།
རྩོམ་ནི་བྲིས་ནས་མ་བྱུང་བཅོས་ནས་བྱུང་ཞེས་པ་ལྟར། རྩོམ་ཡིག་འབྲི་མཁན་སུ་འདྲ་ཞིག་ཡིན་རུང་། རྩོམ་ལ་བཟོ་བཅོས་ཐེངས་མང་བརྒྱབ་ན་མ་གཏོགས་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་ཐབས་བྲལ། དེར་བརྟེན། སློབ་མའི་རྩོམ་ཡིག་བཅོས་སྐབས། དགེ་རྒན་གྱིས་བཟོ་བཅོས་ཕྲན་བུ་བརྒྱབ་རྗེས་རྩོམ་ཡིག་གཅིག་གྲུབ་པའི་ངོས་འཛིན་བྱེད་མི་རུང་བར། རང་རྩོམ་ལ་བཟོ་བཅོས་རྒྱག་པའི་སློབ་མའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འོ་ན། དགེ་རྒན་གྱིས་སློབ་མར་རྩོམ་ཡིག་བཅོས་ཐབས་ཐད་མཛུབ་སྟོན་ཇི་ལྟར་བྱེད་དགོས་ཞེ་ན། དགེ་རྒན་གྱིས་ནན་ཏན་དང་གྲ་སྒྲིག་ཡོད་པའི་རྨང་གཞིའི་ཐོག་གཤམ་གསལ་གྱི་གོ་རིམ་ལྟར་བྱས་ན་འགྲིག་པར་སྙམ།
དང་པོ། འཚོ་བར་ཉམས་ཞིབ་བྱེད་སྟངས་བསླབས་ཏེ་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་དགོས།
ཕུལ་བྱུང་གི་རྩོམ་ཡིག་བརྩམས་ཆོས་དག་ནི་འཚོ་བ་དངོས་ནས་བྱུང་བ་ཞིག་ཡིན་ཞིང་། དེ་ནི་འཚོ་བར་ཉམས་ཞིབ་བྱས་ཏེ་འཚོ་བ་དངོས་ཀྱི་ཉམས་མྱོང་རྨང་གཞིར་བཟུང་ནས་རིམ་བཞིན་རྟོག་བཟོ་དང་། འཆར་ཡན་གསར་བཞེངས་ཀྱིས་བསམ་པའི་བརྩེ་དུང་མཚོན་པར་བྱེད་པ་ཞིག་རེད། དེས་ན། རྩོམ་ཡིག་འབྲི་བའི་ཚེ་འཚོ་བ་དངོས་ལ་ཉམས་ཞིབ་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་ཏེ། འཚོ་བའི་རྨང་གཞི་དང་ཉམས་མྱོང་མེད་པའམ། འཚོ་བ་དངོས་བརྗོད་བྱར་མ་བྱས་ཚེ་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་དཀའ་བ་ཡིན། སློབ་མ་ཚོའི་ངོས་ནས་བརྗོད་ན། བྱ་དངོས་ལ་ཉམས་ཞིབ་ཇི་ལྟར་བྱེད་མིན་གྱི་ཐབས་ཤེས་ཡག་པོ་ཞིག་མ་ཤེས་སྟབས། རྒྱུན་གཏན་འཚོ་བའི་ནང་གི་བྱ་དངོས་ཕྲ་རགས་ཐམས་ཅད་ཕྲེང་བར་བརྒྱུས་པ་བཞིན་ཡིག་ཐོག་ཏུ་ཇི་མ་ཇི་བཞིན་ཕབ་པ་གང་ཞིག དེར་བསམ་གཞིག་དང་སྙིང་དོན་བསྡུ་རུབ་བྱེད་མི་ཤེས་པའི་ཁར། རྒྱན་སོགས་སྤྲོས་ཐབས་བྲལ་བས་ན། རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་ཀྱི་མེད། དེས་ན། སློབ་མའི་རྩོམ་ཡིག་ལེགས་ཉེས་ཅི་འདྲ་ཞིག་ཡིན་རུང་། དགེ་རྒན་གྱི་ཡང་དག་པའི་མཛུབ་ཁྲིད་འོག ཡང་བསྐོར་བསྐྱར་བསྐོར་གྱིས་བཟོ་བཅོས་ལེགས་པར་བྱས་ཏེ། སློབ་མ་ཚོར་བསམ་གཞིག་བྱེད་དུ་འཇུག་དགོས་པ་མ་ཟད། བཟོ་བཅོས་བྱས་ཟིན་པའི་རྩོམ་ཡིག་དང་ཐོག་མའི་རྩོམ་ཡིག་གཉིས་དབར་མི་འདྲ་བའི་ཁྱད་ཆོས་གང་ཡོད་སློབ་མར་ངོས་འཛིན་གསལ་པོ་ཡོང་ཐབས་བྱས་ན། ད་གཟོད་སློབ་མས་ཉམས་མྱོང་གསར་པ་གསོག་ཐུབ་པ་མ་ཟད། ལག་ལེན་དངོས་ནང་ཞུགས་ཏེ་ནང་དོན་ཕུན་སུམ་ཚོགས་ཤིང་མི་སེམས་འགུལ་ནུས་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་ཐུབ་པར་ཕན་པ་ཆེན་པོ་ཡོད་པས། དེ་ནི་རྩོམ་ཡིག་གསར་རྩོམ་གྱི་སློབ་མའི་ནུས་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན། དེས་ན། ང་ཚོས་ཐབས་ཤེས་དེ་རིགས་རྒྱུན་དུ་སྤྱོད་པའི་ཚེ། སློབ་མར་ཉམས་ཞིབ་དང་བསམ་གཞིག་ཟུང་འབྲེལ་བྱེད་དུ་བཅུག་སྟེ། སློབ་མས་བྱ་དངོས་ལ་ཐུན་མོང་མ་ཡིན་པའི་ངོས་འཛིན་དང་ལྟ་བ་གསར་པ་ཞིག་འཛིན་ཐུབ་པར་བྱེད་དགོས།
གཉིས་པ། སློབ་མའི་རྩོམ་ཡིག་ཁྲོད་ལྷག་པའི་གནད་དོན་རེ་རེ་བཞིན་གསལ་སྟོན་བྱེད་པ།
གོ་རིམ་དེའི་ནང་སློབ་ཕྲུག་ལ་སྔར་ལས་ལྷག་པའི་སྒོ་ནས་རྩོམ་ཡིག་གི་རེ་བ་དང་གཞི་རྩའི་གོ་རིམ་མཛུབ་ཁྲིད་བྱས་ཏེ། སློབ་ཕྲུག་སོ་སོས་རང་གི་རྩོམ་ཡིག་ནང་ལྷག་པའི་གནས་ཚུལ་གང་ཡོད་ཁ་གསལ་རྟོགས་པར་བྱེད་དགོས། བྱ་ཐབས་ནི་རྩོམ་ཡིག་གི་གོ་རིམ་བཞིན་ཁག་ཕྱེ་སྟེ་རྩོམ་ཡིག་ནང་ལྷག་པའི་སྐྱོན་རེ་རེ་བཞིན་སློབ་ཕྲུག་ལ་མཛུབ་མོ་རི་སྟོན་བྱས་ནས་སློབ་ཕྲུག་གིས་བྲིས་པའི་རྩོམ་ཡིག་གི་དུམ་མཚམས་གང་དང་ནང་དོན་ག་རེའི་ཐད་ཞན་ཆ་གང་ཞིག་ཡོད་པ་ཤེས་སུ་འཇུག་དགོས། དེ་ལྟར་བྱས་ན་སློབ་ཕྲུག་གིས་རྩོམ་ཡིག་བཟོ་བཅོས་རྒྱག་སྐབས་འགོ་གང་ནས་འཛུགས་དགོས་མིན་མ་ཤེས་པའི་སྣང་ཚུལ་དེ་རིགས་སྔོན་འགོག་བྱེད་ཐུབ། གཞན་ཡང་། རྩོམ་ཡིག་ལ་བཟོ་བཅོས་རྒྱག་སྐབས་སློབ་མར་རྩོམ་ཡིག་གི་ཞིབ་ཕྲའི་རེ་བ་ཡང་སྐོར་བསྐྱར་སྐོར་བཤད་ནས། སློབ་མས་རྩོམ་ཡིག་འབྲི་སྐབས་རེ་བ་བཞིན་ནང་དོན་འོས་འཚམ་དང་ཡང་དག་འདེམས་ཤེས་པ་བྱེད་དགོས། དེ་ལྟར་བྱས་ན་སློབ་ཕྲུག་གིས་རང་རྩོམ་ནང་ལྷག་པའི་གནད་དོན་འཚོལ་ཐུབ་པ་མ་ཟད། དུས་ཐོག་ཏུ་བཟོ་བཅོས་ཀྱང་རྒྱག་ཐུབ།
གསུམ་པ། རང་རྩོམ་ལ་བཟོ་བཅོས་རྒྱག་པའི་སློབ་མའི་ནུས་པ་གསོ་སྐྱོང་བྱེད་དགོས།
དགེ་རྒན་གྱིས་འཛིན་གྲྭ་ཡོངས་ཀྱི་སློབ་མའི་རྩོམ་ཡིག་ལ་ཁ་གསལ་བ་དང་སྤྱི་ཡོངས་སྒོ་ནས་ཕྱོགས་བསྡོམས་བགྱིས་ཏེ། སློབ་མའི་བློ་སྒོ་འབྱེད་པ་དང་། སློབ་མར་རྩོམ་ཡིག་གི་གཙོ་གནད་དང་འགག་གནད་གང་ཡིན་ཤེས་སུ་འཇུག་དགོས་པ་མ་ཟད། དགེ་རྒན་གྱི་མཛུབ་སྟོན་མེད་ཀྱང་། སློབ་མས་རང་རྩོམ་ལ་བལྟས་རྗེས་རང་འགུལ་ངང་རྩོམ་ཡིག་ནང་གི་བཟང་ཆ་དང་ཞན་ཆ་གང་ཡིན་འཚོལ་ཤེས་པ་པ་དང་། ཞན་ཆའི་གནད་དོན་རེ་རེ་བཞིན་ཕྱོགས་བསྡོམས་བྱས་ཏེ་རྩོམ་ཡིག་ཁྱོན་ཡོངས་ལ་བཟོ་བཅོས་རྒྱག་ཤེས་པར་བྱེད་དགོས། རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་བཟོ་བཅོས་རྒྱག་ཐུབ་པ་དང་རྩོམ་ཡིག་ཡག་པོ་འབྲི་ཐུབ་པར་ལྟ་ཀློག་ནི་ཆེས་རྩ་བར་འགྱུར་བའི་མཐུན་རྐྱེན་ཡིན། དེས་ན། སློབ་མའི་རྒྱུད་ལ་ལྟ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་འཇགས་པར་མཛུབ་སྟོན་དང་རོགས་རམ་བྱེད་རྒྱུ་ནི་སློབ་མས་རང་རྩོམ་ལ་བཟོ་བཅོས་རྒྱག་ཐུབ་པ་དང་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ལམ་བཟང་པོ་ཞིག་རེད་སྙམ། སློབ་ཕྲུག་རང་ངོས་ནས་ཀྱང་རང་རྩོམ་ལ་བཟོ་བཅོས་རྒྱག་པར། ཐོག་མར་གཞན་རྩོམ་མང་པོ་བཀླགས་ནས་གཞན་རྩོམ་གྱི་ཁྲོད་ནས་ལེགས་ཆ་མང་པོ་འཚོལ་བ་དང་། དེ་ནས་སུམ་རྟགས་དག་གསུམ་སོགས་ཡག་པོ་སྦྱངས་ཏེ། རང་རྩོམ་ཁྲོད་བརྡ་སྤྲོད་ཀྱི་གནད་དོན་དང་། ནང་དོན་གོ་དཀའ་བའམ་ཕྱིན་ཅི་ལོག་པ་སོགས་ཀྱི་སྣང་ཚུལ་མི་ཐོན་པར་བྱེད་དགོས། དེ་ནི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བའི་རྨང་གཞི་ལྟ་བུ་རེད་སྙམ།
ཚང་མས་ཤེས་གསལ་ལྟར། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པ་ལྟར། སློབ་མ་ཚོས་ནམ་རྒྱུན་གྲལ་མཚེས་ཕན་ཚུན་ནམ་ཙུའུ་ཕན་ཚུན་དབར་རྩོམ་ཡིག་བརྗེ་རེས་བརྒྱབ་ནས། རྩོམ་གྱི་བརྗོད་བྱ་དང་། དག་ཆ། ཕྲད་སྤྱོད་སྟངས་སོགས་ལ་བཟོ་བཅོས་རྒྱག་པ་དང་། སློབ་ཕྲུག་ཆེ་གེ་མོའི་རྩོམ་ཡིག་ལ་སློབ་ཕྲུག་གཉིས་གསུམ་གྱིས་མཉམ་དུ་བལྟས་རྗེས་མངོན་བརྗོད་ལ་སོགས་པའི་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་གནད་ལ་འཁེལ་ཡོད་མེད་དང་། རྩོམ་གྱི་དགེ་སྐྱོན་གཉིས་ཀའི་ཐད་ནས་རང་རང་སོ་སོའི་རྒྱུ་མཚན་ནམ་བསམ་ཚུལ་ཤོད་པ། ཕན་ཚུན་བགྲོ་གླེང་སོགས་བྱས་ནས། དགེ་མཚན་རིགས་ལ་མཉམ་དུ་སློབ་སྦྱོང་དང་། སྐྱོན་ཆ་ཇི་ལྟར་སེལ་མིན་ཐད་གྲོས་བསྡུར་བྱས་ཏེ། ཚང་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས།
གཞན་ཡང་། མི་སུ་འདྲ་ཞིག་ཡིན་རུང་རྩོམ་ལེགས་པོ་ཞིག་འབྲི་འདོད་ན་སྔོན་ལ་བརྡ་སྤྲོད་ཆུ་ཚད་ངེས་ཅན་ཞིག་དང་གསར་རྩོམ་ནུས་པ་ངེས་ཅན་ལྡན་དགོས་པའི་ཁར། ད་དུང་གཞན་གྱི་བརྩམས་ཆོས་མང་པོར་སྐྱོན་ཡོན་ཅི་ཞིག་ཡོད་མེད་ལྟ་དགོས་རྒྱུ་ནི་གལ་འགངས་ཆེ། དེ་མིན་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་དགོས་པ་དང་ལག་འགུལ་ནས་རྩོམ་མང་ཙམ་འབྲི་བ། ལྟ་ཀློག་མང་ཙམ་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན། ད་ལྟ་ཉིད་ནས་གཞན་རྩོམ་མང་ཙམ་བཀླགས་ཏེ་ཐ་སྙད་ཕུན་སུམ་ཚོགས་པོ་གསོག་དགོས་པ་དང་། གཞན་གྱི་རྩོམ་ཡིག་ཁྲོད་ཀྱི་ལེགས་ཆ་མང་ཙམ་བསྡུ་རུབ་བྱེད་པ། བརྡ་སྤྲོད་ལུགས་དང་མཐུན་པའི་སྒོ་ནས་ཕྲད་དང་རྣམ་དབྱེ་དང་དུས་གསུམ་སོགས་སྤྱོད་པའི་གོམས་གཤིས་འཇགས་པར་བྱེད་དགོས། དགེ་རྒན་ཚོས་ཀྱང་སློབ་མ་ཚོར་བསླབ་གཞིའི་ནང་དོན་ཁོ་ནའི་སློབ་ཁྲིད་བགྱི་བར་མགོ་མ་འཁོར་བར། འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་མར་རྩོམ་ཡིག་མང་ཙམ་འབྲི་རུ་བཅུག་ནས། ཁོང་ཚོའི་གསར་རྩོམ་གྱི་དགའ་མོས་སྐྱེད་སྲིང་ཧུར་ཐག་བྱེད་དགོས།
(ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་པད་མ་དབྱངས་སྐྱིད)
འབྲེལ་ཡོད་གསར་འགྱུར།