རྒྱ་བོད་ཡིག་སྒྱུར་ལས་གློག་བརྙན་དང་བརྙན་འཕྲིན་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།
ཡིག་སྒྱུར་ནི་སྐད་རིགས་ཤིག་གི་བརྗོད་བྱའི་ནང་དོན་སྐད་རིགས་གཞན་ཞིག་ནས་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་བསམ་བློ་བརྗེ་རེས་དང་། རིག་གནས་སྤེལ་རེས། གོམས་སྲོལ་ལ་རྒྱུས་ལོན། ཤེས་བྱ་བརྒྱུད་སྒྲོག་བཅས་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་ཤེས་རིག་ལ་སྐུལ་སྤེལ་དང་། ལྷག་པར་དུ་སྒྱུར་བྱེད་སྐད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེའོ།
གློག་བརྙན་བརྙན་འཕྲིན་གྱི་ལོ་ཙཱའི་བྱ་གཞག་འདི་དར་བ་ནས་བཟུང་། སྐད་དང་ཡི་གེ་མི་འདྲ་བའི་མི་རིགས་ཕན་ཚུན་དབར་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཆགས་པར་བརྟེན། མིའི་རིགས་ཕན་ཚུན་དབར་རིག་གནས་མཉམ་སྤྱོད་བྱུང་བ་མ་ཟད། རིག་གནས་སྤེལ་རེས་ཀྱི་འདུ་ཤེས་ཀྱང་རིམ་གྱིས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། འདིར་གུས་པས་ལག་ལེན་དངོས་དང་འབྲེལ་ནས་གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་གྱི་སྐོར་ཅུང་ཟད་གླེང་བར་བྱ།
དང་པོ། རྒྱ་བོད་གློག་བརྙན་ཡིག་སྒྱུར་གྱི་བྱུང་བ་མདོ་ཙམ་བརྗོད་པ།
རྒྱ་བོད་གློག་བརྙན་བརྙན་འཕྲིན་གྱི་ཡིག་སྒྱུར་སྐོར་གླེང་དགོས་ན། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་གྱི་བྱ་གཞག་ཐད་མཛད་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་ཡིག་སྒྱུར་མཁས་ཅན་རྒན་འཇམ་དབྱངས་ལགས་མ་གླེང་ཐབས་མེད་རེད། རྒྱུ་མཚན་ནི་དགེ་རྒན་ཆེ་མོ་བ་འཇམ་དབྱངས་ལགས་ནི་རྒྱལ་སྤྱི་རྒྱལ་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་གང་ཞིག རང་མི་རིགས་ཀྱི་གློག་བརྙན་ཡིག་སྒྱུར་ལས་ལ་ཐོག་མར་འཇུག་མཁན་དེ་ཡིན། བརྙན་འཕྲིན་འགྱུར་མ《མཚོ་ལམ་གསར་པ》ཞེས་པ་དེ་ནི་ཁོང་གིས་བསྒྱུར་བའི་བརྙན་འཕྲིན་འགྱུར་མ་ཐོག་མ་དེ་ཡིན་ལ། བོད་སྐད་དུ་བསྒྱུར་བའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་གཞུང་ཐོག་མ་དེའང་ཡིན། དེ་རྗེས་ཁོང་གིས་བརྙན་འཕྲིན་འཁྲབ་གཞུང《གཡོག་མོ》དང《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ཞེས་པ་སོགས་བསྒྱུར་གནང་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག་པ་མ་ཟད། ཀུན་གྱི་གདེང་འཇོག་མཐོ་པོ་ཐོབ་ཡོད།
སྤྱི་ལོ་1982ལོར་བརྙན་འཕྲིན་རྒྱུན་མཐུད་འཁྲབ་གཞུང་བོད་སྐད་དུ་སྒྱུར་འགོ་ཚུགས་པ་དང་། དེ་རྗེས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་གཞུང《ལྷ་བསྐོས་རྡོ་རིང་གསེར་གྱི་མེ་ལོང》 《ཆུ་ངོགས་གཏམ་རྒྱུད》 《ཅི་ཀུང》 དེ་མིན་བོད་སྐད་གློག་བརྙན《ལོ་ལེགས་བྱུང་རྗེས》《རོང་ཆུ་དམར་པོ》《བྲན་གཡོག》བཅས་རྒྱུན་མི་ཆད་པར་ཐོན་ཡོད། ལྷག་པར་དུ་ལོ་ཙཱ་བ་ཆེན་མོ་བསོད་ནམསས་དཔལ་འབྱོར་ལགས་ཀྱིས་བསྒྱུར་གནང་བའི་《ཁང་ཆེན་དམར་པོའི་རྨི་ལམ》ཞེས་པ་དེ་ཀྲུང་གོའི་གནའ་རབས་ཀྱི་གཏམ་རྒྱུད་ཆེན་པོ་བཞིའི་ཡ་གྱལ་ཡིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པར་གྲགས་ལ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་དཔལ་ཡོན་ཡང་རྩེར་སོན་པའི་གཏམ་རྒྱུད་རླབས་ཆེན་ཞིག་རེད།
གཉིས་པ། གློག་བརྙན་དང་བརྙན་འཕྲིན་ཡིག་སྒྱུར་ཁྲོད་དུ་དོ་སྣང་དང་རྒྱུན་འཛིན་བྱེད་དགོས་པའི་གནད་དོན།
གཅིག ཐོག་མར་ཚིག་མཛོད་སྤྱོད་ཤེས་པ་དང་དེ་ནས་ངང་རྒྱུད་རིང་པོས་མ་ཤེས་པ་དག་བཙལ་འཚོལ་བྱེད་ཤེས་པ། དེའི་ཁར་གློག་བརྙན་བརྙན་འཕྲིན་གྱི་ནང་དོན་མང་ཆེ་བ་ནི་རྣམ་ཀུན་གྱི་འཚོ་བ་མཚོན་པས་འཚོ་བའི་ཁྲོད་ནས་སྐད་ཆ་སྣ་ཚོགས་བསྡུ་རུབ་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ། ཚིག་མཛོད་སྤྱོད་རྒྱུ་ནི་ཡིག་སྒྱུར་བ་ཞིག་གི་ངོས་ནས་བཤད་ན། ཆེས་རྨང་གཞིའི་ཆ་རྐྱེན་ཡིན་ལ་གལ་འགངས་ཆེ་བའི་བླང་བྱ་ཞིག་ཀྱང་ཡིན། འོན་ཀྱང་ཡིག་སྒྱུར་བ་འགའ་རེས་ཚིག་མཛོད་ཀྱི་ནུས་པ་སྣང་མེད་དུ་བཏང་ནས་རང་བློས་དཔོག་ཚོད་ཀྱིས་བསྒྱུར་ཏེ་འགྱུར་ཡིག་གི་ནང་དོན་ལ་ནོར་འཁྲུལ་མང་དག་ཅིག་ཐོན་དང་ཐོན་མུས་ཡིན།
གཉིས། ཡིག་སྒྱུར་བྱེད་མཁན་ཞིག་ཡིན་ཚེ། ངེས་པར་དུ་བོད་ཡིག་གི་ཆེད་ལས་རྨང་གཞི་ངེས་ཅན་ཞིག་ལྡན་དགོས། དེར་གཙོ་བོ་ནི་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་དངོས་གཉིས་ཟུང་དུ་འབྲེལ་ནས་སྦྱོང་བརྡར་གང་མང་སྤྲོས་དགོས་པ་མ་ཟད། བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ལས་བསྟན་པའི་ཐབས་དམ་པ་བཞི་དང་ལོ་ཙཱའི་རྩ་དོན་ཆེན་མོ་གསུམ། ལྷག་པར་དུ་བོད་སྐད་ཀྱི་སྤྱོད་སྟངས་དང་མ་ཡིག་ལ་གོ་བ་ལོན་ཐབས། སྐད་འགྲོས་དང་མཐུན་པ་བཅས་ལ་དེ་བས་བྱང་ཆུབ་པ་ཞིག་དགོས་སོ།
གསུམ། གློག་བརྙན་ཡིག་སྒྱུར་བྱེད་སྐབས་མི་རིགས་སོ་སོའི་སྐད་ཡིག་དང་སྲོལ་རྒྱུན་གྱི་གོམས་གཤིས་ལ་བརྩི་འཇོག་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེ། ང་ཚོས་སྒྱུར་བྱའི་འཁྲབ་གཞུང་ག་གེ་མོ་ཞིག་ལ་རྒྱུས་མངའ་ལོན་པའི་རྨང་གཞིའི་སྟེང་སྒྱུར་བྱེད་སྐད་ཀྱི་མི་རིགས་དེའི་སྲོལ་རྒྱུན་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་སོགས་ལ་བསྟུན་ནས་དེ་ལུགས་ཀྱི་འགྱུར་བ་ཅུང་ཟད་བཏང་ནའང་མི་འགྲིག་པ་མེད་སྙམ། དཔེར་ན། རྒྱ་སྐད་དུ“跑得了和尚,跑不了庙”“杀鸡给猴看”ལྟ་བུའི་གཏམ་དཔེར་ཐད་ཀར་གྲྭ་པ་བྲོས་ཀྱང་དགོན་ནས་མི་ཐར། བྱ་དེ་བསད་ནས་སྤྲེའུ་ལྟ་རུ་བཅུག་སོགས་སུ་ཐད་སྒྱུར་བྱས་ན། འགྱུར་ཡིག་གོ་མི་བདེ་བ་དང་རྣ་བར་མི་སྙན་པ་མ་ཟད། ཐ་ན་ལོ་ཙཱ་བ་འཕྱ་སྨོད་བྱ་ཡུལ་དུ་གྱུར་སླ་བས། ང་ཚོས་སླད་ཕྱིན་ངེས་པར་དུ་ཡིག་སྒྱུར་ཁྲོད་དུ་མ་ཡིག་གི་གཏམ་དཔེ་དང་འཚམ་པའི་བུ་ཡིག་གི་དམངས་ཁྲོད་ཀྱི་གཏམ་དཔེ་བཙལ་འཚོལ་བྱེད་དགོས། དཔེར་ན། ཤིག་ལ་བརྒྱབ་ཀྱང་གོང་ངའི་ཕྱི་ནང་། ར་བསད་ནས་ལུག་འདར་དུ་བཅུག་ལྟ་བུ་རང་མི་རིགས་ཀྱི་སྐད་ལུགས་དང་མཐུན་པའི་གཏམ་དཔེ་བཙལ་འཚོལ་ཐུབ་ན་ཤིན་ཏུ་ལེགས།
བཞི། གློག་བརྙན་ཡིག་སྒྱུར་བྱེད་སྐབས་གློག་བརྙན་གང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འཁྲབ་གཞུང་ནང་གི་མི་སྣའི་གནས་འབབ་དང་ལོ་ཚོད། དེ་མིན་རིག་གནས་ཆུ་ཚད་བཅས་ལ་རྒྱུས་མངའ་ལོན་པར་བྱེད་དགོས། འཁྲབ་གཞུང་ནང་དུ་མི་སྣའི་གནས་འབབ་དང་ལོ་ཚོད་མི་འདྲ་བ་ཡོད་དེ། དཔེར་ན་མཐོ་བ་རྒྱལ་པོ་དང་དམའ་བ་སྤྲང་པོ། རྒན་ཁོག་དང་གཞོན་ནུ། བྱིས་པ་སོགས་སྣ་ཚོགས་ཡོད་པས། སོ་སོར་རང་ཉིད་ཀྱི་ཁྱད་ཆོས་སམ་ལོ་ཚོད་དང་འཚམ་པའི་སྐད་སྒྱུར་རམ་ཡིག་སྒྱུར་བྱེད་པ་ལས་མི་སྣ་དེ་དག་རང་བཞིན་གཅིག་ཏུ་བཟུང་ནས་ཡིག་སྒྱུར་བྱེད་པ་ནི་དོན་དངོས་དང་མི་འཚམ་པ་ཞིག་རེད།
ལྔ། ཁ་སྐད་དུ་བསྒྱུར་རྒྱུ་ནི་གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་གྱི་ཆེས་དམིགས་བསལ་གྱི་ཐབས་ལམ་ཞིག་ཡིན། ཡིག་སྒྱུར་ལ་རྣམ་པ་སྣ་ཚོགས་མཆིས་པ་ལས་ཁ་སྐད་དུ་ཡིག་སྒྱུར་བྱེད་པ་དེ་ནི་གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པས། ང་ཚོས་མང་ཚོགས་རང་བཞིན་གྱི་སྐད་ཆ་བཙལ་འཚོལ་བྱས་ནས། ངག་ནས་བརྗོད་བདེ་ཞིང་བརྗོད་དོན་གོ་བརྡ་ཁ་གསལ་སྤྲོད་ནུས་པའི་འགྱུར་མ་ཞིག་ཏུ་བསྒྱུར་ཐུབ་ཚེ། གློག་བརྙན་ཡིག་སྒྱུར་གྱི་སྤུས་ཚད་ལེགས་སུ་འགྲོ་བ་མ་ཟད། བརྗོད་བདེ་མཐུན་བདེའི་ཚད་གཞི་ཡང་མངོན་འགྱུར་ཡོང་ཐུབ།
དྲུག བོད་སྐད་ཀྱི་གློག་བརྙན་བརྙན་འཕྲིན་འཁྲབ་གཞུང་འགའ་རེར་འཁྲབ་མི་དང་སྐད་གཉིས་མི་མཐུན་པའི་སྣང་ཚུལ་ཐོན་གྱི་ཡོད། དེས་འཁྲབ་གཞུང་སྤྱིའི་སྤུས་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། གློག་བརྙན་སྒྲ་སྦྱོར་གྱི་འཁྲབ་ཁྲིད་པས་ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་། མི་སྣ་གང་ཞིག་ཡིན་ཡང་དེའི་གཟུགས་སྟོབས་དང་། བྱད་བཞིན། རྣམ་འགྱུར། གནས་བབ། ཐོབ་ཐང་སོགས་དང་མཐུན་པར་སྒྲ་སྦྱོར་བྱེད་དགོས། དཔེར་ན། དཔའ་རྡུལ་ཞིག་ཡིན་ཚེ་སྐད་ཕྲ་ན་མི་རུང་ལ། མཛེས་མ་ཞིག་ཡིན་ཚེ་སྐད་སྦོམ་ན་མི་རུང་། སྒྲ་དྲག་ཞན་དང་། ཕྲ་སྦོམ། རིང་ཐུང་རྣམས་རྐང་པ་ལ་ཚད་ནས་ལྷམ་བཟོ་བའི་དཔེ་བཞིན་མི་སྣ་དང་སྐད་གཉིས་མཐུན་པ་ཡོང་རྒྱུར་བརྩོན་དགོས། སྐད་དང་འཁྲབ་མི་མི་མཐུན་པའི་གནད་དོན་དེ་གློག་བརྙན་བརྙན་འཕྲིན་སྒྱུར་མཁན་གྱི་ལོ་ཙཱ་བ་དང་འབྲེལ་བ་མེད་པ་མ་ཡིན་ཏེ། གལ་སྲིད་ཡིག་སྒྱུར་ལེགས་པོ་ཞིག་མ་བྱུང་ན་སྒྲ་སྦྱོར་མཁན་ལ་རྙོག་དྲ་བཟོ་ངེས་ཡིན་ལ། ཐ་ན་མི་སྣའི་གཤིས་ཀ་དང་བྱེད་ལུགས་བྱེད་སྟངས་ལ་ཡང་ཤུགས་རྐྱེན་ཐེབས་ངེས་ཡིན་པས། ལོ་ཙཱ་བས་སླད་ཕྱིན་གནད་དོན་དེ་འདྲ་མི་ཐོན་པའི་ཆེད་དུ་འབད་བརྩོན་ཧུར་ཐག་བྱེད་དགོས།
གསུམ་པ། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་གྱི་ཤུགས་རྐྱེན།
བོད་དུ་གློག་བརྙན་བརྙན་འཕྲིན་དར་ནས་ཡུན་རིང་མ་སོང་བར་བོད་སྐད་ཀྱི་སྒྲ་སྦྱོར་གློག་བརྙན་བྱུང་ཞིང་། བརྙན་འཕྲིན་དར་བ་དང་མི་རིང་བར་བོད་སྐད་ཀྱི་བརྙན་འཕྲིན་འཁྲབ་གཞུང་འགྱུར་མ་བྱུང་། ལྷག་པར་དུ་ཉེ་ལམ་བོད་ལྗོངས་གློག་བརྙན་ཀུང་སི་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོས་པའི་ཚན་པས་རྒྱལ་ཁབ་ཕྱི་ནང་གི་ཕུལ་དུ་བྱུང་བའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་མི་ཉུང་བ་བསྒྱུར་ཏེ་གཟིགས་མོ་བའི་སྤྱན་ལམ་དུ་བསྟན་པས། དེས་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་སུ་སོང་བ་དང་། མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་ནས། ཕྱིའི་འཇིག་རྟེན་ལ་ལྟ་བའི་མིག་གསར་པ་ཞིག་སྦྱིན་པ་མ་ཟད། ཡུལ་གྲུ་གཞན་དང་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་འཚོ་བའི་རྣམ་པ་དང་། འདུ་ཤེས་འཛིན་སྟངས། ཡུལ་སྲོལ་གོམས་གཤིས། ལོ་རྒྱུས་ཀྱི་འཕེལ་རིམ་བཅས་ཤེས་རྟོགས་དང་རྒྱུས་མངའ་ཡོང་བར་དམིགས་བསལ་གྱི་ནུས་པ་ཐོན་པ་གང་ཞིག གོང་རིམ་དབུ་ཁྲིད་ཀྱི་མཐོང་ཆེན་འོག་བོད་ཀྱི་སྤྱི་སྐད་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐད་ལའང་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད་པས། དེའི་ཕྱིར་བོད་སྐད་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་གྱི་ལས་དོན་མི་སྣས་ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་ཕྲག་ཐོག་གི་འགན་འཁྲི་ལེགས་པར་ཁུར་དགོས་པར་སེམས།
(བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས། དཀོན་མཆོག་ཡོན་ཏན)
འབྲེལ་ཡོད་གསར་འགྱུར།