དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས།

    གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི“དྲ་མཐིལ”སྔར་བས་བརྟན་དུ་གཏོང་བ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གི་ནད་བརྟག་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོའི་སྨན་སྤྱོད་བདེ་འཇགས་འགན་ལེན་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ནུས་པ་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་ལྷུན་གྲུབ་རྫོང་དུ་གྲོང་ཚོའི་འཕྲོད་བསྟེན་ཁང་མང་པོ་དང་རྫོང་མི་དམངས་སྨན་ཁང་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་དང་བཅས་པས་ཡུལ་དངོས་སུ་ཞབས་འདེགས་ཞུ་ཡུལ་ལ་ལྟ་བ་དང་། ལས་ཀའི་ཟིན་ཐོར་ལྟ་ཞིབ་ཞིབ་ཚགས་བྱེད་པ། ས་གནས་ས་ཐོག་ཏུ་ཞབས་ཞུ་ཞིབ་ཚགས་མིན་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་འགག་རྩའི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཐད། ཞིབ་བཤེར་ཚོགས་ཆུང་གིས་གྲོང་མིའི་བདེ་ཐང་ཡིག་ཚགས་ཚད་ལྡན་ངང་འཛུགས་ཚུལ་དང་། གཙོ་གནད་མི་ཚོགས་ལ་སྨན་སྐོར་ལྟ་ཞིབ་དང་ཞབས་འདེགས་ཞུ་ཚུལ། དེ་བཞིན་སྨན་སྤྱོད་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནད་སྨིན་ཕན་འབྲས་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་གྱིས་བདེ་ཐང་དོ་དམ་གྱི་གྲངས་གཞི་ཡང་དག་དང་ཞབས་ཞུའི་ཟིན་ཐོ་ཆ་ཚང་ལ་ཚད་ལྡན་ཡོང་བའི་འགན་ལེན་བྱས་པ་རེད།

    སྨན་སྦྱོར་དང་དོ་དམ་ལས་ཀར་དམིགས་ནས། ཞིབ་བཤེར་ཚོགས་ཆུང་གིས་སྨན་སྦྱོར་ཁང་དང་སྨན་སྒྲོམ་གྱི་གསོག་ཉར་ཆ་རྐྱེན་དང་སྨན་རྫས་ཀྱི་ཕན་ནུས་ཡུན་ཚད་བདག་སྐྱོང་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ། འབྱུང་རྩ་ནས་མང་ཚོགས་ལ་སྨན་སྤྱོད་བདེ་འཇགས་ཡོང་བར་འགན་ལེན་བྱས་པ་རེད།

    གྲོང་ཚོའི་འཕྲོད་བསྟེན་ཁང་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་ཞིང་། ཞིབ་བཤེར་ཚོགས་ཆུང་གིས་ད་ཐེངས་ཀྱི་ཞིབ་བཤེར་གོ་སྐབས་སུ་བཟུང་སྟེ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བའི་ཐད་སྨན་རྫས་ཚོད་འཛིན་དང་དུག་སེལ་དོ་དམ་སོགས་ལྟེ་བའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཏེ་སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཡོང་བར་བྱེད་དགོས་ལ། དེ་བས་མང་ཚོགས་ཀྱི་དགོས་མཁོ་དང་ཞབས་ཞུའི་མི་འདང་སར་དམིགས་ནས་གཞི་རིམ་གྱི་སྨན་དོན་མི་སྣའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཐག་ཉེ་ས་ནས་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་པའི་མང་ཚོགས་ཀྱི་དགོས་མཁོ་ཏན་ཏིག་ངང་སྐོང་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

    ལྷུན་གྲུབ་རྫོང་གི་འབྲེལ་ཡོད་འགན་འཁུར་བས། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་བསྐྲུན་པར་མུ་མཐུད་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ཐད་བདེ་ཐང་འགན་ལེན་གྱི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།