བྱང་ཐང་ས་མཐོའི་བདེ་ཐང་སྐྱེད་ཚལ་དུ། འཕྲོད་སྦྱོར་ཤེས་བྱའི་མེ་ཏོག་སྣ་བརྒྱ་བཞད།
—— ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞིར་བསྐྱོད་པ།

འདི་ནི་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོས་ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞིའི་ཕྱིའི་རྣམ་པ་ཡིན་པ།
དགུན་ཁ་འཆར་བས་ནག་ཆུར་གནམ་གཤིས་ཧ་ཅང་གྲང་ཡང་། ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞིར་སླེབས་སྐབས། གློག་སྒུལ་གྱི་སྒོ་མོ་ངང་གིས་ཕྱེ་འཕྲལ། མི་རྣམས་ལ་མཐོང་ཐོས་རེག་གསུམ་ཐུབ་པའི་ཚན་རིག་ཁྱབ་གདལ་གྱི་ཆ་འཕྲིན་གྱིས་ཕྱུག་པའི་སྐྱེད་ཚལ་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན།
2025ལོའི་ཟླ་11པར་དངོས་སུ་སྒོ་ཕྱེ་བ་ནས་བཟུང་། ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞི་དེ་འགྲེམས་སྟོན་དང་། མྱོང་རོལ། སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་བདེ་ཐང་གི་ཚན་རིག་ཁྱབ་གདལ་ལས་སྟེགས་ཤིག་ཡིན་པའི་ངོས་ནས། དེས་བྱང་ཐང་ས་མཐོའི་མི་རྣམས་ཀྱིས་བདེ་ཐང་ལ་འཛིན་པའི་རྣམ་འགྱུར་དང་འདུ་ཤེས་ལ་རིམ་གྱིས་འགྱུར་བ་གཏོང་བཞིན་ཡོད།
འཕྲལ་སྡོམ་མཛོད་ཁང་ནས་བདེ་ཐང་སློབ་ཁང་བར།
ནག་ཆུ་བདེ་ཐང་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞི་ནི་ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྒོ་རའི་ནང་ཡོད་པ་དང་། དེ་སྔའི་འཕྲལ་སྡོམ་མཛོད་ཁང་སྒྱུར་བཀོད་རིམ་སྤོར་བྱས་ནས་བསྐྲུན་པ་ཞིག་རེད། རྣམ་གྲངས་དེ་2025ལོའི་ཟླ་6པར་ལས་འགོ་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་682བཏང་བའི་ནང་བོད་སྐྱོར་མ་དངུལ་སྒོར་ཁྲི་450དང་འགོས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་གྲོན་དངུལ་སྒོར་ཁྲི་232ཚུད་ཡོད་པ་རེད།
ཟླ་བ་ལྔ་བྲེལ་བརྩོན་ཆེན་པོས་ཨར་ལས་བྱས་པ་བརྒྱུད་དེ་སྔའི་མཛོད་ཁང་རྙིང་པ་དེར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྟེན་གཞི་སྐྲུན་སྐབས་ཇུས་འགོད་ཐད་ཡུལ་བབ་དང་བསྟུན་རྒྱུར་མཐོང་ཆེན་བྱས་ཏེ་ཁང་པའི་ཕྱིའི་གྱང་ལྡེབས་སུ་བོད་ལུགས་བུམ་པས་བརྒྱན་པ་དང་གདང་ལའི་པར་རིས་སྦྱར་ནས་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་མངོན་པར་བྱས་ཡོད། ནང་ཁུལ་གྱི་འགྲེམས་སྟོན་ཁུལ་ཐོག་སོ་གཉིས་དང་འགྲེམས་ཁང་14ལ་དབྱེ་བ་དེ་དག་ལ་ཏང་འཛུགས་སྐྱོང་དང་། བོད་སྐྱོར། འགོས་ནད་འགོག་བཅོས། གཅོང་ནད་དོ་དམ། གཞོན་ནུ་ལོ་ཆུང་གི་བདེ་ཐང་། ཁྲིམས་སྐྱོང་འགན་ལེན་སོགས་ཀྱི་ནང་དོན་ཚུད་ཡོད།
ཀྲེ་ཅང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་དང་དཔལ་མགོན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲུའུ་ཧྥུང་གིས“ངས་རྟེན་གཞི་འདིར་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད” “ཞིང་འབྲོག་པས་ཤེས་བྱ་དེ་དག་ཤེས་རྗེས་ཁོང་ཚོའི་བདེ་ཐང་སྤྱོད་ལམ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ནས་སྨན་པའི་ཁ་ཏར་ཉན་པ་དང་སྨན་ཁང་དུ་ནད་བསྟེན་རྒྱུར་ཕན་ཐོགས་བྱུང་ཡོད”ཅེས་རྟེན་གཞིར་ལྟ་སྐོར་བྱས་རྗེས་བཤད།
རྒྱུན་གཏན་གྱི་དྲིལ་བསྒྲགས་སློབ་གསོ་ནས་ཕྱོཌ་བསྡུས་མཉམ་འགུལ་བར།
རྟེན་གཞིའི་ཐོག་སོ་དང་པོར་སླེབས་སྐབས། དེ་ནི་འཚོལ་ཞིབ་ཀྱི་འདུན་པ་ངང་གིས་འཕེལ་བའི་བདེ་ཐང་ཤེས་བྱའི་སྐྱེད་ཚལ་ཞིག་དང་འདྲ། འདི་རུ་ཡིག་རིས་ཀྱི་ཚབ་ཏུ་གསོན་ཉམས་དོད་པའི་བརྙན་ཤེལ་སྣ་ཚོགས་བསྒར་འདུག
“ཐུམ་འབུའི་ནད་འགོག་བཅོས”ཆེད་ཁུལ་དུ་ཇུས་འགོད་པས་ཐུན་མོང་མ་ཡིན་པའི་མཉམ་འགུལ་གྱི་ལྗོངས་རྣམ་ཞིག་བཟོས་ཡོད་པ་སྟེ། གལ་ཏེ་ནད་གཞི་ཕོག་པའི་ཕྱུགས་རིགས་ཀྱི་ནང་ཁྲོལ་ཁྱི་ལ་སྟེར་བའམ། ཡང་ན་ཁོལ་མེད་པའི་ཆུ་འཐུང་ན། རྟོག་བཟོའི་བརྙན་ཤེལ་ཐོག་གི་ནད་ཡམས་མཆེད་པའི་ཉེན་ཁའི་བབ་བསྟུན་འགྱུར་ལྡོག་གི་གནས་ཚུལ་ལྟད་མོ་བས་དེ་མུར་མཐོང་ཐུབ་ཀྱི་ཡོད། “མཇུག་འབྲས་མཐོང་ཐུབ་པའི”ཇུས་འགོད་དེས“ཁ་ལག་མ་བཟས་གོང་ལག་པ་བཀྲུ་བ་དང་། ལྟོ་ཆས་བཙོས་ནས་ཟ་བ། ཁྱིའི་ནད་འབུ་སེལ་བ”སོགས་མི་རྣམས་ཀྱི་སྔོན་འགོག་བྱ་ཐབས་དེ་གཞན་རྟེན་ནས་རང་རྟེན་དུ་འགྱུར་ཐུབ་ཀྱི་ཡོད།
ཐོག་སོ་གཉིས་པར་སླེབས་སྐབས། ཁོར་ཡུག་གི་རྣམ་པ་དེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནས་ཕྱོགས་ཡོངས་ཀྱི་བདེ་ཐང་འཚོ་བ་དར་སྤེལ་གཏོང་བའི་ཕྱོགས་སུ་གྱུར། གཅོང་ནད་དོ་དམ་ཁུལ་གྱི་རང་འགུལ་བདེ་ཐང་ཞིབ་དཔྱད་ཡོ་ཆས་འགའི་མདུན་དུ་མི་རྣམས་བང་ཐུང་ངུ་ཞིག་བསྒྲིགས་འདུག ཡོ་ཆས་དེ་དག་གིས་ས་མཐོའི་རྒྱུན་མཐོང་གི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་སོགས་འགོག་པའི་བདེ་ཐང་འཚོ་བ་སྐྱེལ་ཐབས་ཀྱི་གྲོས་འགོ་འདོན་གྱི་ཡོད། གཞོན་ནུ་ལོ་ཆུང་བདེ་ཐང་ཁུལ་གྱིས་སེམས་ཁམས་བདེ་ཐང་དང་། མིག་གི་འཕྲོད་བསྟེན། ཚེ་སྲོག་གི་སློབ་གསོ་བཅས་ལ་དོ་ཁུར་བྱེད་པ་དང་། མཉམ་འགུལ་རོལ་རྩེད་རྣམ་པའི་ཇུས་འགོད་བྱས་པ་དེས་གཞོན་ནུ་ལོ་ཆུང་ཚོར་འཚར་ལོངས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་ཡོང་བར་རོགས་པ་བྱེད་ཀྱི་ཡོད། ཟས་རིགས་དོ་སྙོམས་ཁུལ་གྱིས“ཟས་རིགས་སྡེབ་སྒྲིག”གི་དཔེ་དབྱིབས་བསྟན་ནས་རྩམ་པ་དང་ཇ་སྲུབས་མ་སོགས་བཟའ་བཏུང་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ལུགས་མཐུན་གྱི་ཟས་རིགས་བསྟེན་ཚུལ་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད།
ཉི་མ་རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་མིག་དམར་དོན་གྲུབ་ཀྱིས“ལྟ་སྐོར་བྱས་པས་ཕན་ཐོགས་ཆེན་པོ་བྱུང”ཞེས་ལྟ་སྐོར་བྱས་རྗེས་ཀྱི་མྱོང་ཚོར་བཤད།
ཤེས་བྱ་ཁྱབ་གདལ་གཏོང་བ་ནས་བྱ་སྤྱོད་ལ་འགྱུར་ལྡོག་བྱུང་བའི་བར།
“ང་ཚོས་ལས་བྱེད་ལས་བཟོ་དང་། མང་ཚོགས། སློབ་མ་བཅས་ཀྱི་ཚོགས་སྤྱིར་དམིགས་ནས་གཅོང་ནད་དང་། འགོས་ནད། ས་གནས་ཀྱི་ནད་སོགས་ཀྱི་བདེ་ཐང་འགོག་བཅོས་ཤེས་བྱ་ཚན་རིག་དང་མཐུན་པའི་ངང་ཁྱབ་སྤེལ་བཏང་བ་མ་ཟད། མི་སྒེར་གྱི་ལུས་རྩལ་དང་། བཟའ་བཏུང་། ཁོར་ཡུག་འཕྲོད་བསྟེན་སོགས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཀྱང་ཁྱབ་གདལ་བཏང་ཡོད། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་གཙོ་འགན་ནད་སྐྱོང་བ་ལི་རུའེ་ཅིན་གྱིས་རྒྱུན་མཐོང་གི་གཅོང་ནད་དང་། འགོས་ནད། ས་གནས་ཀྱི་ནད(དཔེར་ན་ཐུམ་འབུའི་ནད་དང་འདུས་འདྲིལ་གློ་གཅོང་ལྟ་བུ)ལ་དམིགས་ནས། ཚན་རིག་དང་མཐུན་པ་དང་། ཡང་དག་པ། གོ་བདེ་ཤེས་སླ་བཅས་ཀྱི་སྒོ་ནས་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་བས། ཕན་ཡོད་ཆ་འཕྲིན་དཀོན་པའམ་ཡང་ན་དཀྲོག་གཏམ་རྐྱེན་ལས་བྱུང་བའི་གོ་ནོར་དང་དངངས་སྐྲག་བྱུང་རིགས་བསལ་ནས། “ནད་གཞི་ཆུང་ངུ་ནར་འགྱངས་དང་། ཆེན་པོ་མི་བཅོས་པར་སྡོད་པ”དང་གསང་སྨན་ལ་རྨོངས་དད་བྱེད་པ་སོགས་ཀྱི་སྣང་ཚུལ་ཉུང་དུ་ཕྱིན་ཏེ“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་རྩད་ཆོད་པ། སྔ་ཙམ་སྨན་བཅོས་བྱེད་པའི”ཚན་རིག་གི་འདུ་ཤེས་ཤིག་ཆགས་རྒྱུར་སྐུལ་མ་ཐེབས་ནས“རང་ཉིད་ནི་བདེ་ཐང་གི་འགན་འཁུར་བ་དང་པོ་ཡིན་པའི”དེང་རབས་བདེ་ཐང་གི་ལྟ་བ་འཇགས་ཏེ། མང་ཚོགས་རང་འགུལ་ངང་ཚད་ལྡན་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་འོང་བར་ཁྲིད་སྟོན་ཐུབ་ཡོད།
རྟེན་གཞི་དེ་ནི་ཚན་རིག་ཁྱབ་གདལ་གཏོང་ཡུལ་ཞིག་ཡིན་པ་མ་ཟད། བདེ་ཐང་གི་རིག་གནས་སྐྱེད་སྲིང་བྱ་ཡུལ་དང་། བྱ་སྤྱོད་ལ་འགྱུར་བ་གཏོང་ཡུལ། སྤྱི་ཚོགས་མཉམ་བཅོས་ཀྱི་འབྲེལ་གཏུག་བྱ་ཡུལ་ཞིག་དེ་བས་ཀྱང་ཡིན་སྟབས། ཕྱོགས་མང་པོའི་མཉམ་ལས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་བདེ་ཐང་བཅོས་སྐྱོང་གི་འདུ་ཤེས་ཤིག་མངོན་ཡོད་པ་སྟེ། བོད་སྐྱོར་ནས་མ་དངུལ་གཏོང་བ་དང་། ཆེད་ལས་ལས་ཁུངས་ཀྱིས་ལག་ལེན་བསྟར་བ། མང་ཚོགས་དེའི་ནང་ཞུགས་པ་བཅས་ལས་རྟེན་གཞི་འདི་རྒྱུན་མཐུད་འཁོར་སྐྱོད་ཡོང་བར་མཉམ་དུ་གཞོལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།