སྨན་བཅོས་ཆ་རྐྱེན་ཡག་ཏུ་ཕྱིན། དམངས་ཀྱི་སེམས་ཁྲལ་ཡོངས་སུ་བསལ།
—— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་མཐའ་མཚམས་བདེ་ཐང་གི་དཔེ་དབྱིབས་གསར་པ་བཏོད་པ།
དགུན་དུས་ཀྱི་ཉི་འོད་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་འཕྲོད་བསྟེན་ཁང་གི་སྒེའུ་ཁུང་ཐོག་རབ་ཏུ་འཕྲོས་པ་དང་བསྟུན་ནས། བརྟག་དཔྱད་ཁང་གསར་པའི་ནང་ཡུལ་མི་འགའ་ཞིག་གྲལ་བསྒྲིགས་ནས་Bསྒྲ་རླབས་བརྟག་དཔྱད་བྱེད་བཞིན་འདུག “ད་ཆ་སྨན་བཅོས་བྱེད་པར་རི་ཀླུང་མང་པོ་བརྒལ་ནས་འགྲོ་དགོས་མི་འདུག”ཅེས་བརྟག་དཔྱད་ཚར་མ་ཐག་པའི་རྡོ་རྗེས་ཚོར་སྣང་ཟབ་མོས་བཤད།
ལྷུན་རྩེ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཀྲོའུ་ཡིས“སྨན་བཅོས་འཕྲོད་བསྟེན་གྱི་རྩ་བ་གཞི་རིམ་དུ་བཙུགས་ནས་མཐའ་མཚམས་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན”ཞེས་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷུན་རྩེ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་བཅུག་ནས“རྫོང་ཁོངས་ཀྱི་སྨན་བཅོས་ལྟེ་གནས་1འཛུགས་པ་དང་། ལྟེ་བའི་ཞབས་ཞུ་ཁག་2ལ་དམ་འཛིན་བྱེད་པ། མཐོར་འདེགས་ལས་གྲྭ་ཆེན་པོ་5ལ་སྐུལ་འདེད་གཏོང་བ”ཡི“125”ལས་ཀའི་བྱེད་ཐབས་དེ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ཏེ། སྨན་བཅོས་ཞབས་ཞུ“རྨང་གཞིའི་འགན་སྲུང”ནས“སྤུས་ལེགས་ནུས་ཆེའི”ཕྱོགས་སུ་མཆོང་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། མཐའ་མཚམས་མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་ཡོད།
“འཐུས་སྒོ་ཚང་བའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་སྨན་བཅོས་མ་ལག་ནི་བདེ་ཐང་བརྟན་པོ་སྲུང་བའི‘འགོག་སྲུང་འཛིང་རགས་དང་པོ’དེ་ཡིན”ཞེས་ཀྲོའུ་ཀྲོའུ་ཡིས་ངོ་སྤྲོད་བྱས་པ་དང་། མིག་སྔར་རྫོང་ཡོངས་སུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་2དང་། རིམས་འགོག་ལྟེ་གནས་1 མ་བུ་བདེ་སྲུང་ས་ཚིགས་1 ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་11 གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་81བཅས་བསྐྲུན་ཡོད་པ་དང་། ཉལ་ཁྲི་བསྡོམས་134དང་འཕྲོད་བསྟེན་ཆེད་ལས་ལག་རྩལ་པ་417ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་3000བཏང་ནས་རི་རོང་ཤང་སོགས་འཕྲོད་བསྟེན་ཁང་4དང་ཤེར་མདོ་གྲོང་ཚོ་སོགས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་6གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་སྨན་བཅོས་སྒྲིག་བཀོད་དང་སྨན་ཁང་དུ་སྡོད་ས་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
2024ལོར། ལྷུན་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་རིམ་པའི་ནད་སྐྱོང་དང་སྨན་ཁང་གི་འགོས་ནད་ཚོད་འཛིན་ལྟེ་གནས་བཙུགས་པ་དང་ཞིང་འབྲོག་པའི་བདེ་ཐང་བརྟག་དཔྱད་དང་ཁྱིམ་ཚང་སྨན་པའི་གན་འཇོག་གཉིས་མཉམ་འདྲེས་བྱས་ཏེ། ཞབས་ཞུ“དུས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ”དུ་བསྒྱུར་བར་སྐུལ་འདེད་བཏང་ཡོད།
ལྷུན་རྩེ་རྫོང་མི་དམངས་སྨན་ཁང་དུ་བོད་སྐྱོར་སྨན་པ་ཚོས་བརྒྱུད་རོགས་ཁྲིད་སློབ་དོན་འཁྱོལ་གནད་སྨིན་བྱས་ཏེ། སྔ་རྗེས་སུ་ཞིབ་དཔྱད་ཚན་ཁག་དང་། བུད་མེད་དང་བུ་བཙའ་ཚན་ཁག དོས་དྲག་ཚན་ཁག་སོགས་ཚན་ཁག་ཏུ་ས་གནས་དེ་གའི་སྨན་དོན་པ་22གསོ་སྐྱོང་བྱས་ཡོད། ཁོང་ཚོས་ས་གནས་དེ་གའི་སྨན་པ་17བདམས་ནས་བོད་སྐྱོར་སྨན་པ་དང་དགེ་སློབ་ཀྱི་འབྲེལ་བ་བཙུགས་པ་དང་། སློབ་མཇུག་འགྲིལ་རྗེས་ཕྱོགས་གཉིས་ཀྱིས་དཔྱད་ཞིབ་བྱས་རྗེས་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་6དང་ཕུལ་བྱུང་སློབ་མ་6བདམས་ཐོན་བྱུང་ཡོད།
གྲངས་གཞི་ནི་གྲུབ་འབྲས་ཡག་ཤོས་དང་མང་ཚོགས་ཀྱི་འཛུམ་མདངས་ནི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དེ་རེད།
2025ལོར། ལྷུན་རྩེ་རྫོང་གི་སྨན་བཅོས་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་སྟེ། རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་37585ཟིན་པ་དང་། སྨན་རྩིས་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་5653ཟིན་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་36600ལྷག་ཙམ་ཟིན་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ཚད་མི་ཐེངས་11100ལྷག་ཙམ་ཟིན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྤྱིའི་ཞབས་འདེགས་ཞུས་ཚད་མི་ཐེངས་90000ལྷག་ཙམ་ཟིན་ཡོད་པ་རེད།
2022ལོར། ལྷུན་རྩེ་རྫོང་གིས་སྒོར་ཁྲི་400བཏང་ནས་རྫོང་མི་དམངས་སྨན་ཁང་ཆ་འཕྲིན་ཅན་དུ་སྒྱུར་བཀོད་དང་རྒྱང་བསྟེན་སྨན་བཅོས་མ་ལག་རྒྱ་སྐྱེད་བཏང་སྟེ། ཧུའུ་ནན་ཤང་ཡ་སོགས་གྲགས་ཅན་སྨན་ཁང་དང་འབྲེལ་མཐུད་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་བྱས་ཡོད།
ད་ཆ། ལྷུན་རྩེ་རྫོང་གི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ཆས་ཆ་རྐྱེན་རང་སྐྱོང་ལྗོངས་རྫོང་ཁོངས་ཀྱི་སྨན་བཅོས་ཆ་རྐྱེན་གྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། ཡུལ་སྨད་དང་། རྩ་རི། རི་རོང་སོགས་ཐག་རིང་གི་ཤང་དང་གྲོང་རྡལ་དུ་DRསྒྲིག་ཆས་ནང་འདྲེན་བྱས་ཡོད་པ་མ་ཟད། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་11ཏུ་བོད་སྨན་ཚན་ཁག་ཀྱང་བཙུགས་ཡོད་པས“ནད་ཆུང་རྫོང་ནས་བཅོས་ཐུབ་པ་དང་རྒྱུན་མཐོང་ནད་ཤང་ནས་བཅོས་ཐུབ་པའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།