དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཕ་མས་བུ་ཕྲུག་གི་ཁྱིམ་ཚང་སློབ་གསོར་སྣང་ཆུང་གཏོང་མི་རུང་བའི་སྐོར་ལ་ཅུང་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    སྤྱིར་སློབ་གསོ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཏེ། རྒྱལ་ཁབ་གཅིག་དང་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་མིན་དང་མི་སྒེར་སོ་སོའི་མི་ཚེའི་ལམ་བུ་ཡག་སྡུག་ཇི་ཡོང་དེ་ཡང་སློབ་གསོར་རག་ལས། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་གཉིས་ནི་སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་རྒྱུ་རྐྱེན་ཉག་ཅིག་དེ་རེད་ལ་སློབ་མའི་ལུས་སྟེང་དུ་དྭངས་གཙང་གི་རྣམ་ཤེས་གསོན་པོ་ཞིག་གསོ་སྐྱོང་བྱེད་པའི་ཆ་རྐྱེན་ཉག་ཅིག་ཀྱང་ཡིན་ཞིང་། ངག་རྒྱུན་དུ་གོམས་གཤིས་བཟང་པོ་འཇགས་ན་བྱ་བ་མཐའ་དག་ལེགས་གྲུབ་ཡོང་ངེས་དང་། གོམས་གཤིས་ངན་པ་འཇགས་ན་བྱ་བ་ཡོད་ཚད་ཀྱི་མཇུག་འཁྱོངས་དཀའ་ཟེར་བ་ལྟར། སློབ་མ་ལ་གོམས་གཤིས་སློབ་གསོ་ཆ་ཚང་བ་ཞིག་དང་རྒྱུན་འཁྱོངས་པ། ཡང་དག་པ་ཞིག་རྒྱུད་ལ་ཡོད་དགོས་ན་དེ་དག་གི་ཁྲོད་ནས་འགངས་ཆེར་གྱུར་པ་ནི་ཁྱིམ་ཚང་གི་སློབ་གསོ་དེ་རང་ལ་རག་ལས་པར་སེམས།

    དཔལ་འབྱོར་དང་ཚན་རྩལ། ཁྱིམ་ཚང་གི་ཆ་རྐྱེན་ལ་སོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་སྐབས་འདིར། ཁྱིམ་ཚང་མང་ཆེ་བར་བུ་ཕྲུག་རེ་གཉིས་ལས་མེད་གཤིས་བུ་ཕྲུག་ལ་རང་ཉིད་ཀྱི་མིག་འབྲས་ལྟར་གཅེས་ནས་གཙིགས་སུ་འཛིན་པ་ནི་དེང་དུས་ཁྱིམ་ཚང་མི་ཉུང་བའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད། ཕ་མ་ཞིག་ལ་མཚོན་ན་རང་ཉིད་ཀྱི་བུ་ཕྲུག་ལ་ཟས་གོས་སྡོད་གསུམ་གྱི་མཐུན་རྐྱེན་སྦྱོར་བའི་རྨང་གཞིའི་ཐོག ལྷག་པར་དུ་ཕ་མས་བུ་ཕྲུག་ལ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་རང་དཔེ་གཞན་སྟོན་གྱི་སློབ་གསོ་གཏོང་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་མོད། ཡིན་ནའང་། དེང་གི་དུས་སུ་ཕ་མ་འགའ་རེ་ཤོ་སྦག་རྒྱན་འཛུཌ་ཁོ་ནས་དུས་གདའ་བར་བྱས་ཏེ་དུས་ཚོད་ཀྱི་ལྟ་བ་དང་མི་ཚེའི་རིན་ཐང་ལྟ་བ་ཞན་པ་དང་། ལ་ལ་ནི་བུ་ཕྲུག་གི་སློབ་སྦྱོང་དང་གཟུགས་གཞིའི་བདེ་ཐང་སོགས་ཀྱི་དགོས་མཁོ་དང་ཆ་རྐྱེན་ལ་མི་བལྟོས་པར་གང་ཞིམ། གང་ཡག གང་མཛེས། གང་ཡོད། གང་བྱུང་བུ་ཕྲུག་ལ་མཁོ་འདོན་བྱས་པའི་རྐྱེན་གྱིས་བུ་ཕྲུག་གི་སློབ་སྦྱོང་དང་གཤིས་ཀ་ཀུན་སྤྱོད་བཅས་གང་ཐད་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་དང་ཐེབས་མུས་རེད་ལ། སློབ་མས་ཁྱེར་མི་ཆོག་པ་དང་སྤྱོད་མི་རུང་བ། ཟ་མ་ལོ་བ་སོགས་ཕྲུ་གུའི་བདེ་ཐང་དང་འཚར་ལོངས་ལ་གནོད་པའི་གནས་ཚུལ་མི་ཉུང་བ་ཞིག་ལྷག་དང་ལྷག་མུས་ཡིན་པས་འདིར་རང་ངོས་ཀྱི་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་གླེང་བར་བྱ།

    བཟའ་བཅའི་བདེ་འཇགས་དེ་ང་ཚོའི་ལས་དོན་ཐམས་ཅད་ཀྱི་ཁྲོད་ནས་གལ་ཆེ་ཤོས་ཤིག་ཏུ་བཟུང་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བུ་ཕྲུག་ལ་དེ་དོན་གྱི་འཕྲོད་བསྟེན་ཤེས་བྱ་བརྒྱུད་སྤྲོད་དང་ཤེས་བྱ་གོམས་འདྲིས་ཡོང་ཐབས་ལ་སྣང་ཆུང་དང་ལྷོད་གཡེང་བྱས་ཚེ་སློབ་གྲྭའི་ཕྱོགས་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ལ་ཡང་སྒོས་སློབ་གྲྭའི་རྒྱུན་གཏན་རང་བཞིན་གྱི་ལས་ཀ་མང་པོར་འགོག་རྐྱེན་བཟོ་སྲིད་པ་གང་ཞིག སློབ་མ་རང་ངོས་ཀྱི་སློབ་སྦྱོང་དང་གཟུགས་གཞིའི་བདེ་ཐང་སོགས་ཕྱོགས་ཡོངས་ལ་སྐྱོན་ཆེན་པོ་ཡོང་ངེས་རེད། འོན་ཀྱང་། ཉེ་ཆར་ཁྱིམ་བདག་མང་པོ་ཞིག་གིས་བུ་ཕྲུག་ལ་འཕྲོད་བསྟེན་གྱི་ཚད་གཞི་མ་ལོན་པའི་རྔན་པ་ཙག་ཙིག་བསྐུར་རྒྱུར་ཤིན་ཏུ་དགའ་ལ་བྱིས་པ་ཚོ་ཡང་ཁ་སྨྱོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ལྐོག་ཏུ་ཉོ་བ་དང་ཁྱིམ་བདག་ལ་མངགས་པ་སོགས་ཀྱིས་སྙིགས་ཟས་དེ་དག་འབྱོར་ཐབས་བྱེད། གནད་དོན་དེས་རྐྱེན་པས་བུ་ཕྲུག་གི་བདེ་ཐང་ལ་ཉེ་ཆར་སྔར་ལས་གནོད་སྐྱོན་བྱུང་སྟེ་སློབ་མའི་གཟུགས་གཞི་དང་ནད་འགོག་ནུས་པ་སྐྱོ་པོ་ཆགས་ནས་ཆམ་ནད་ཕོག་སླ་ལ་དྲག་སྐྱེད་དཀའ་བ། རྐང་ལག་གི་རུས་ཚིགས་འབུད་བདེ་བ། མཁལ་མ་དང་མཁྲིས་པ། ལྒང་བུའི་རྡོ་སྐྲན། དུས་མིན་སྐྱུག་མཁན་དང་བཤལ་མཁན། རྒྱུ་ལྷག་གཉན་ཚད་ན་མཁན་སོགས་ཀྱི་རྒྱུན་ཆད་རྒྱུ་མེད། དེས་ན། ང་ཚོས་ལྷན་དུ་ཁྱིམ་ཚང་སློབ་གསོའི་འདུ་ཤེས་གོང་མཐོར་བཏང་སྟེ་ལུས་བདེ་སེམས་སྐྱིད་ཀྱི་བུ་ཕྲུག་ཞིག་གསོ་སྐྱོང་བྱེད་པར་འབད་ན་མི་ལེགས་སམ།

    གཞན་ཡང་། དེང་གི་ཆར་ཁྱིམ་བདག་ཉུང་ཤས་ཤིག་གིས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་དང་བསམ་བློ་ཀུན་སྤྱོད་ཀྱི་ལེགས་ཉེས་དེ་དག་ནི་ཐད་ཀར་སློབ་གྲྭ་དང་དགེ་རྒན་ལ་འབྲེལ་བ་ཡོད་པ་མ་གཏོགས་རང་ཉིད་དམ་ཁྱིམ་ཚང་ལ་ལན་ཁག་དང་འགན་འཁྲི་རྩ་བ་ནས་མེད་པར་ངོས་འཛིན་བྱེད། དེ་ལྟ་བུའི་སྒེར་སེམས་ཀྱི་བསམ་བློ་དེ་ལས་མཐར་ཡོས་ལ་འབབ་རྒྱུ་རྩམ་པ་ཟེར་བའི་དཔེ་ལྟར་སློབ་མའི་སློབ་སྦྱོང་དང་བསམ་བློ་ཀུན་སྤྱོད་སོགས་ཕྱོགས་གང་ཅིར་ཡར་རྒྱས་ཡོང་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་འོམ་བུའི་དཔེར་འགྱུར་སྲིད་དོ།

    ཁྱིམ་བདག་གིས་རུལ་སུངས་ཅན་དང་ནོར་འཁྲུལ་ཅན་གྱི་སློབ་གསོའི་ལྟ་བ་དང་། བསམ་བློ། རྣམ་འགྱུར། བྱེད་ཐབས་སོགས་སྤྱད་ནས་སློབ་གསོ་བཏང་ན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་དགོས་མཁོ་དང་མི་མཐུན་ལ་རང་ཉིད་ཀྱི་བུ་ཕྲུག་དེ་མི་གཞན་གྱི་འཕྱ་སྨོད་བྱ་ཡུལ་དུའང་གྱུར་སྲིད། དེར་བརྟེན་ཁྱིམ་བདག་གིས་སློབ་གསོའི་ལྟ་བ་སྒྱུར་དགོས་ལ། ཁྱིམ་ཚང་གི་ཁོར་ཡུག་དང་གོམས་སྲོལ་ལེགས་པོ་འཛུགས་དགོས་པ་མ་ཟད། ཁྱིམ་མི་ཚང་མས་ཕན་ཚུན་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་གི་སློབ་གསོ་སྤེལ་བ་དང་། ཁྱིམ་བདག་ཚོས་ཁྱིམ་ཚང་གི་སློབ་གསོའི་ཆོས་ཉིད་དང་ཐབས་ཤེས་རྟོགས་པ་དང་མཉམ་དུ་ལག་ལེན་གྱི་ཁྲོད་དུ་སློབ་གསོ་གཏོང་བའི་ཉམས་མྱོང་མུ་མཐུད་དུ་ཕྱོགས་བསྡོམས་བྱས་ནས་ཁྱིམ་ཚང་སློབ་གསོས་ཅིས་ནས་ཀྱང་སློབ་མ་རྣམས་ལ་ལུས་ངག་གཉིས་ཀར་མིག་དཔེ་སྟོན་ཐུབ་པ་ཞིག་དགོས། ཡིན་ནའང་ཁྱིམ་ཚང་ཉུང་ཤས་ཤིག་ལ་སྤྱི་ཚོགས་སྟེང་ནས་བྱུང་བའི་ཤུགས་རྐྱེན་ངན་པ་ཡིན་ནའང་འདྲ། ཁྱིམ་ཚང་ནང་ངོས་ཀྱི་རྒྱུ་རྐྱེན་ཡིན་ནའང་འདྲ་གང་ལྟར་དུས་རྟག་ཏུ་ཁ་རྩོད་དང་རྒྱག་རེས་ཐ་ན་བཟའ་ཚང་ཁ་བྲལ་དུ་གྱུར་པ་ལ་སོགས་པའི་གནད་དོན་མང་བས་སློབ་མའི་སེམས་ཁམས་སུ་ནམ་ཡང་བསུབ་ཏུ་མེད་པའི་རྨ་ཁ་བཟོས་ནས་སློབ་སྦྱོང་ཐད་གཡུར་ཟའི་འབྲས་བུ་ཐོབ་རྒྱུ་ལྟ་ཞོག ད་དུང་བུ་ཕྲུག་གི་སེམས་ཁམས་ནས་སྤྲོ་སྣང་དང་དྲོ་སྐྱིད་ཀྱི་ཚོར་བ་ཞིག་ཡལ་ཉེན་ཡོད་ལ། དེ་ཙམ་མ་ཟད་བུ་ཕྲུག་ལ་ནམ་ཡིན་ཡང་གྲོགས་མེད་ཁེར་རྐྱང་གི་སེམས་ཁམས་ཤིག་དང་དེ་ལས་བསྐྱེད་པའི་བསམ་བློ་རྙོག་འཛིང་ཅན་རབ་དང་རིམ་པ་བྱུང་ནས། ལུས་ཐོག་ཏུ་འདྲ་མིན་གྱི་ནད་རིགས་བྱུང་བ་དང་། བྱ་བ་གང་ཞིག་བསྒྲུབས་ཀྱང་སེམས་ཤུགས་ཞན་པ། མཉམ་སྡེབ་ཀྱི་བྱེད་སྒོར་ཞུགས་མི་སྤྲོ་བ་སོགས་མདོར་ན་བསམ་བློ་དང་། སློབ་སྦྱོང་། གཤིས་ཀ་སོགས་ཕྱོགས་གང་ཅིར་གནོད་འཚེ་ཐེབས་བཞིན་ཡོད།

    ཁྱིམ་ཚང་སློབ་གསོ་ནི་མི་ཞིག་གི་ངོས་ནས་བརྗོད་ན་རྒྱུན་གཏན་གྱི་འཚོ་བའི་ནང་དུ་རང་ཉིད་ཀྱི་ལུས་སྟེང་དུ་གནས་པའི་ཆེས་རྩ་བའི་མ་རྩ་ལྟ་བུར་གྱུར་ཡོད་པ་དང་སློབ་མ་ཞིག་གི་ངོས་ནས་སྦྱངས་འབྲས་ཐོབ་མིན་གྱི་འགག་རྩ་དང་སྤྱི་ཚོགས་ལ་སྐྱོད་པའི་ལག་ཁྱེར་ལྟ་བུ་ཞིག་ཡིན་རྐྱེན། རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་བྱས་པའི་བགྲང་བྱ་དུ་མའི་ནང་སློབ་ཁྲིད་ཀྱི་ཞོར་དུ་སློབ་མའི་གོམས་གཤིས་སློབ་གསོ་དང་ཕྱོགས་ཡོངས་ཀྱི་དོ་དམ་ཟུང་དུ་འབྲེལ་ཏེ་སློབ་མ་རྣམས་སློབ་འབྲིང་ལ་སློབ་ཞུགས་བྱས་པའི་ཟླ་བ་གཅིག་ཙམ་གྱི་རིང་ལ་ཀུན་སྤྱོད་སློབ་གསོ་དང་གཙང་སྦྲ་འཕྲོད་བསྟེན་གྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལ་སོགས་པའི་སློབ་མའི་ནུས་རྩལ་དང་བྱང་ཚད་སྐྱེད་སྲིང་བྱེད་པའི་ཕྱོགས་ཡོངས་ཀྱི་སློབ་གསོར་དོ་སྣང་དང་མཐོང་ཆེན་ཆེན་པོ་བྱས་ཐོག དེ་བས་ཀྱང་ཁྱིམ་ཚང་སློབ་གསོ་དེ་དེང་གི་ཆུང་འབྲིང་སློབ་མའི་རྒྱང་རིང་གི་ལམ་སྟོན་སྒྲོན་མེ་ཞིག་ཏུ་འགྱུར་བ་བྱས་ཏེ། ཏང་དང་མི་དམངས་མོས་པའི་སློབ་གསོ་གཉེར་བ་དང་སྤྱི་ཚོགས་དང་ཁྱིམ་ཚང་གཉིས་ཀར་ཕན་ཐོགས་པའི་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་དམིགས་སུ་བཟུང་ནས་ཁྱིམ་ཚང་སློབ་གསོའི་དགེ་ཕན་ཡོད་ཚད་ཤེས་རྟོགས་ཐུབ་པ་བྱས་ཏེ་སློབ་གྲྭ་དང་ཁྱིམ་བདག སྤྱི་ཚོགས་བཅས་ཕྱོགས་ཡོངས་ཀྱི་ནུས་ཤུགས་གཅིག་སྒྲིལ་ཐོག མེས་རྒྱལ་གྱི་མེ་ཏོག་མཚར་སྡུག་བཀྲ་བ་དང་བཀྲག་མདངས་དེ་བས་ཆེ་བ་ཞིག་གསོ་སྐྱོང་ཐུབ་རྒྱུར་འབད་བརྩོན་བྱ་དང་བྱ་མུས་ཡིན།

    མདོར་ན། རྩ་བ་སྐམ་པའི་སྡོང་པོར་འབྲས་བུ་མི་སྲིད་པའི་དཔེ་བཞིན་དུ་ཁྱིམ་ཚང་སློབ་གསོ་ནི་ཕྲུ་གུའི་སློབ་གསོ་ཐོག་མ་ཡིན་ཞིང་ཕ་མ་ནི་ཕྲུ་གུའི་དགེ་རྒན་ཐོག་མ་ཡིན་པར་ངེས་ཤེས་བསྐྱེད་ནས། ཁྱིམ་ཚང་གི་བག་ཆགས་ངན་པ་གཙང་སེལ་གྱིས་ཕྲུ་གུར་བདེ་ཐང་གི་མ་འོངས་ཤིག་བསྐྲུན་རྒྱུ་ནི་དེང་གི་ཆར་ཕ་མའི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་པ་མ་ཟད། ཁྱིམ་བདག་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བུ་ཕྲུག་ལ་ཕྱོགས་གང་ཅིའི་ཐད་ཀྱི་སློབ་གསོ་རྒྱག་དགོས་ལ་རང་ཉིད་ཁྱིམ་བདག་ཡིན་པའི་སློབ་གསོའི་མིག་དཔེ་དང་ནུས་པ་གང་ལེགས་འདོན་ཐུབ་པ་བྱེད་དགོས།

    (བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སློབ་འབྲིང་། བསྟན་འཛིན་དང་པ་སངས་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།