དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་རིམ་འཕར་བྱུང་བ།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མར་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དངོས་སུ་ཡིག་ཆ་བཀྲམ་ནས་ཞིབ་དཔྱད་ཐོབ་པ་བརྒྱུད་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་དངོས་སུ་གྱུར་པ་དེས་བཟུང་མངའ་རིས་ས་ཁུལ་དུ་རིམ་པ་མཐོ་ཤོས་ཀྱི་ཕྱོགས་བསྡུས་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། དེ་ཐོག་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མར་ཀ་པ་རིམ་པ་གསུམ་པའི་མི་དམངས་སྨན་ཁང་བདེ་བླག་ངང་བཙུགས་པ་མཚོན་ཡོད།

    2023ལོའི་ཟླ་9པར་འཛུགས་གཏོད་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”ཚད་གཞི་དང་ནན་པོ་བསྡུར་བ་དང་། སྨན་བཅོས་ལག་རྩལ་དང་། ཞབས་ཞུའི་སྤུས་ཚད། དོ་དམ་གྱི་ཆུ་ཚད་བཅས་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྨན་བཅོས་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ཏན་ཏིག་རབ་དང་རིམ་པ་བརྒྱུད་སྤྱི་ཡོངས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཕྱོགས་བསྡུས་ཞབས་འདེགས་ཞུ་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། མང་ཚོགས་ཚོའི་སྨན་བཅོས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། མིག་སྔར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.9ཟིན་པ་དང་། ཉལ་ཁྲི་210གཏན་འཁེལ་བྱས་ལ། ཆེད་ལས་ལག་རྩལ་མི་སྣ་418ཡོད། ད་དུང་དོས་དྲག་ཚན་ཁག་དང་། ནད་ཚབས་ལྕི་བའི་གསོ་རིག་ཚན་ཁག ཁོག་ནད་ཚན་ཁག ཕྱི་ནད་ཚན་ཁག གཤགས་བཅོས་དང་སྦིར་སྨན་གཤགས་བཅོས་ཚན་ཁག་སོགས་ནད་ཐོག་སྨན་བཅོས་དང་། གསོ་རིག་ལག་རྩལ། འགན་ནུས་བཅས་ཀྱི་ཚན་ཁག་54བཙུགས་ཡོད་པས། སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག སྔོན་འགོག བདེ་སྲུང་། དྲག་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྨན་ཁང་ཆེ་གྲས་ཤིག་ཏུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་མངའ་རིས་ཀྱི་རྙོག་འཛིང་ཆེ་བའི་ནད་རིགས་ཕོག་པའི་ནད་པ་མང་པོ་ས་ཁུལ་ཕྱིར་སྨན་བཅོས་ལ་འགྲོ་དགོས་ཀྱི་ཡོད། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་བ་དང་བསྟུན་ནས། ད་ཆ“ནད་གཞི་ཚབས་ཆེན་དང་འབྲིང་བའི”རིགས་760ས་ཁུལ་ནས་སྨན་བཅོས་ནུས་ལྡན་ཐུབ་ཀྱི་ཡོད་པས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།