ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཐོང་སྣེའི་འོག་སློབ་ཆེན་དགེ་རྒན་གྱི་འོས་འབབ་དང་འགན་འཁྲིའི་སྐོར་རོབ་ཙམ་གླེང་བ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་དང་། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བཅས་ཀྱི་གཅིག་གྱུར་དམ་པོ་ཞིག་ཡིན་ཞིང་། དེའི་སྲོག་ཤིང་ནི་མི་རིགས་ཁག་གི་མི་དམངས་ལ་ཀྲུང་ཧྭ་མི་རིགས་ནི་སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་མཉམ་ལེན། འཆི་གསོན་མཉམ་གནས། ལས་དབང་མཉམ་སྤྱོད་བཅས་ཀྱི་ཐུན་མོང་ཚོགས་པ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་ཡོང་བར་ཁྲིད་སྟོན་བྱ་རྒྱུ་དེ་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ། ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བ་དང་། ནང་ཁུལ་གྱི་འཕེལ་རྒྱས་དུས་རིམ་གསར་པར་སླེབས་ཡོད་པས། འདུ་ཤེས་འདི་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་མི་རིགས་ཁ་བྲལ་གྱི་ཉེན་ཁ་འགོག་པ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད།
མཐོ་སློབ་སློབ་མ་ནི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་གྲུབ་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། དྲན་རྒྱུ་རྒོད་ལ། དེང་སྐབས་སྤྱི་ཚོགས་ཀྱི་རྙོག་འཛིང་ཁོར་ཡུག་གི་ཤུགས་རྐྱེན་དང་། སྣ་མང་བསམ་བློའི་ཤུགས་རྐྱེན་གང་མང་ཐེབས་སླ་བ་རེད། དེར་བརྟེན། མཐོ་སློབ་དགེ་རྒན་ནི་སློབ་མ་འཚར་ལོངས་ཀྱི་མཛུབ་ཁྲིད་པ་དང་སྣེ་ཁྲིད་པ་ཞིག་ཡིན་པས་གང་དེའི་གཏམ་བཤད་དང་སློབ་གསོ་བྱེད་ཐབས། བྱ་སྤྱོད་བཅས་ཀྱིས་སློབ་མའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཀྱིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དེ་མཐོ་སློབ་ཀྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱེད་པ་དེ་ནི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཡིན་པ་མ་ཟད། སློབ་གསོའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་ཡིན་ལ། མཐོ་སློབ་ཀྱི་དགེ་རྒན་ཚང་མས་ངེས་པར་དུ་བསམ་གཞིགས་དང་ལག་ལེན་བྱེད་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན།
གཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་གཞི་ཆེན་པོའི་ཁྲོད། མཐོ་སློབ་དགེ་རྒན་ནི་ཤེས་བྱ་བརྒྱུད་ཁྲིད་བྱེད་མཁན་ཁོ་ན་མ་ཡིན་པར་གཤམ་གསལ་གྱི་ནུས་པ་མང་པོ་ཞིག་འཛུགས་སྤེལ་བྱེད་དགོས།
ཐོག་མར་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི“འགྲེལ་བཤད་རྒྱག་མཁན་བྱེད་དགོས། དགེ་རྒན་རང་ཉིད་ཀྱིས་ཐོག་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཤེས་རྟོགས་ཟབ་མོ་བྱས་ཏེ་སློབ་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པའི་བརྒྱུད་རིམ་གསལ་པོ་དང་། ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པ། ཁུངས་ཡངས་པ་བཅས་གསལ་པོ་བཤད་ཐུབ་པ་དང་། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཕན་ཚུན་མཉམ་འདྲེས་བྱས་ནས་རས་གཞི་གཅིག་གི་ངོས་སུ་སྣ་མང་ཁ་དོག་གི་ཀྲུང་ཧྭ་མི་རིགས་གྲུབ་པའི་ལོ་རྒྱུས་མཐོང་སྣེ་ཡིན་པ་གསལ་བཤད་བྱེད་དགོས།
དེ་ནས་རིན་ཐང་འདུ་ཤེས་ཀྱི“སྣེ་ཁྲིད་པ”བྱེད་དགོས། དགེ་རྒན་ནི་སློབ་མའི་རིན་ཐང་ལྟ་བ་ཆགས་པའི“འབྱུང་ཁུངས་གཉིས་པ”དེ་ཡིན་ལ། སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་ནས་བསམ་བློ་དྲང་གསལ་བསྟན་ནས་ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ངན་ལུད་ལྟར་རྒྱང་ནས་རྒྱང་དུ་སྤོང་དགོས་པ་དང་། ས་པཎ་མཆོག་གིས་མཁས་འཇུག་ནང་དུ“གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་གསུངས་པ་བཞིན་དགེ་རྒན་གྱིས་གུ་དོག་པའི་མི་རིགས་རིང་ལུགས་དང་ལོ་རྒྱུས་དོན་སྟོང་རིང་ལུགས་སོགས་ལ་ངོ་རྒོལ་ནན་པར་བྱས་ཏེ། སློབ་མར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
མཐོ་སློབ་དགེ་རྒན་ནི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི“སྐུལ་སྤེལ་བྱེད་མཁན”དུ་བརྩི་དགོས། ལྷག་པར་དུ་གྲངས་ཉུང་མི་རིགས་མང་པོ་འདུས་ཡོད་པའི་སློབ་རའི་ནང་དུ། དགེ་རྒན་གྱིས་མི་རིགས་གཞན་གྱི་སློབ་མ་དང་མཉམ་སྡོད། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་ཆ་རྐྱེན་དང་རྣམ་པ་ཧུར་ཐག་སྐྲུན་དགོས། དེ་བས་ཚོགས་ཆུང་མཉམ་ལས་དང་། སྤྱི་ཚོགས་ལག་ལེན། རིག་རྩལ་བྱེད་སྒོ་སོགས་སྒྲིག་འཛུགས་བྱས་པ་བརྒྱུད་སློབ་མར་མི་རིགས་དང་ས་ཁོངས་ལས་བརྒལ་བའི་བྱ་འགུལ་དང་བྱེད་སྒོ། བསམ་བློ་སྤེལ་རེས་བཅས་ལ་སྐུལ་མ་མང་ཙམ་གཏོང་བ་དང་། ལག་ལེན་ཀྱི་ཁྲོད་ནས་བསམ་བློའི་ཕྱོགས་ཞེན་མེད་པ་བཟོ་བ་དང་། ཤེས་རྟོགས་ཟབ་ཏུ་གཏོང་བ། མཛའ་གཅུགས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་འབད་འབུངས་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།
གཉིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཐོང་སྣེའི་འོག་མཐོ་སློབ་དགེ་རྒན་གྱི་ལག་ལེན་ཐབས་ལམ་བརྟན་དུ་གཏོང་བ།
མཐོ་སློབ་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་ཀྱི་ཤེས་རབ་རལ་གྲི་ཇེ་རྣོ་རུ་བཏང་སྟེ། རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རུའུ་ལུགས་སུ“ཡིད་ཆེས་ནི་བཙན་གྱིས་ཐོབ་པ་མ་ཡིན་པས། སྔོན་དུ་རང་ཉིད་ཚུལ་དང་ལྡན་པ་གལ་ཆེའོ”ཞེས་པ་ལྟར། ཐོག་མར་དགེ་རྒན་རང་ངོས་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བློ་བརྟན་འགྱུར་མེད་ཀྱི་དད་པ་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་སྟར་མཁན་དུ་གྱུར་པ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་། ཏང་གི་མི་རིགས་སྲིད་ཇུས། དེ་བཞིན་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་སློབ་སྦྱོང་གོ་རིམ་ལྡན་པར་བྱས་ཏེ། རང་ཉིད་ཀྱི་ཤེས་རྒྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དངོས་ཡོད་ལོ་རྒྱུས་ཀྱི་མཐོང་སྣེ་གཏིང་ཟབ་པ་དང་དོན་དངོས་ཀྱི་ཟུར་ཚད་ནས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་འདུ་ཤེས་ལ་འགྲེལ་བཤད་རྒྱག་པའི་ནུས་པ་ཆེ་རུ་གཏོང་བ་བརྒྱུད། “དངོས་སུ་སློབ་པ་དང་། ངོ་མ་ཤེས་པ། དོན་དམ་ལ་ཡིད་ཆེས་པ། འཚོ་བ་དངོས་ལ་སྤྱོད་ཐུབ་པ་བཅས་བྱེད་དགོས།
སློབ་ཁྲིད་བྱེད་ཐབས་ལ་ཡར་ཐོན་དང་དུས་ཐོག་གསར་གཏོད་བྱས་ཏེ། སློབ་གསོའི་འགུག་ཤུགས་དང་ནུས་ཤུགས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི“ནང་འཇུག་རྣམ་པའི”སློབ་ཁྲིད་ལ་འགྱུར་ལྡོག་བཏང་སྟེ། མཉམ་འགུལ་རྣམ་པ་དང་། འཚོལ་ཞིབ་རྣམ་པ། ཉམས་ལེན་རྣམ་པ་བཅས་ཀྱི་སློབ་ཁྲིད་འཚོལ་ཞིབ་ལ་འབད་དགོས། དཔེར་ན། “རྒྱ་བཟའ་དང་བལ་བཟའ། ས་པཎ་གྱི་ལོ་རྒྱུས་མཛད་རྣམ། དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་བསྐྱོད་པ། ཨ་ཁུ་ཁར་པན་པེ་ཅིང་དུ་བསྐྱོད་པ”སོགས་མི་རིགས་མཐུན་སྒྲིལ་དང་མི་རིགས་གོང་འཕེལ་གྱི་གཏམ་རྒྱུད་བཟང་པོ་དང་། དེ་བཞིན་དབུལ་སྐྱོར་འགག་སྒྲོལ་དང་རིམས་ནད་འགོག་རྒོལ་ཁྲོད་དུ་མི་རིགས་ཕན་ཚུན་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་པའི་གཏམ་རྒྱུད་གསོན་པོ་དཔེ་མཚོན་དུ་དྲངས་ནས་སློབ་མ་རྣམས་ལ་བརྩེ་དུང་གི་མཉམ་སྣང་འབྱུང་བར་བྱེད་དགོས།
ལག་ལེན་སློབ་ཁྲིད་ཀྱི་ཁྲོད་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་མི་རིགས་ས་ཁུལ་དུ་བསྐྱོད་ནས་སྤྱི་ཚོགས་བརྟག་དཔྱད་དང་དང་བླངས་ཞབས་ཞུ་བྱས་ཏེ། སློབ་མས་འཚོ་བ་དངོས་ལ་ཉམས་ལེན་བྱེད་པའི་ཁྲོད་མི་རིགས་གཞན་གྱི་འཕེལ་རྒྱས་གྲུབ་འབྲས་དང་སྲོལ་རྒྱུན་རིག་གནས། མཐུན་སྒྲིལ་གྱི་རྣམ་པ་ལ་མྱོང་ལེན་བྱེད་དུ་འཇུག་དགོས། དེང་སྐབས་སློབ་གསོ་སློབ་ཁྲིད་དུ་གསར་དུ་བཀོལ་བའི་VR/ARསོགས་ཀྱི་ལག་རྩལ་སྤྱད་དེ་ལོ་རྒྱུས་རྟེན་མཛོད་ཁང་དང་རིག་གནས་ཤུལ་བཞག་བཤམས་སྟོན་ཁང་དུ་དངོས་སུ་འཛུལ་ནས་ཀྲུང་ཧྭ་ཤེས་རིག་གི་ལོ་རྒྱུས་ཡུན་རིང་དང་མི་རིགས་སོ་སོའི་བར་གྱི་གསར་གཏོད་དང་མཉམ་སྤྱོད་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཐད་ཀར་མྱོང་ཚོར་བྱེད་དུ་འཇུག་དགོས།
གསུམ། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་འདུན་པ་གཏིང་ཟབ་ཏུ་བཏང་སྟེ། ཤེས་བྱ་བརྒྱུད་ཁྲིད་དང་རིན་ཐང་སྣེ་ཁྲིད་ཀྱི་གཅིག་གྱུར་དམ་པོ་མངོན་འགྱུར་བྱེད་དགོས།
སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག་གི་ཆེད་ལས་ཡིན་ནའང་འདྲ། དགེ་སློབ་ཚང་མས་དེའི་ནང་འདུས་པའི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་གཞི་རྩ་གཙོ་བོ་སྔོག་འདོན་བྱེད་དགོས། ལྷག་པར་དུ་རིག་གནས་ལོ་རྒྱུས་དང་མཚན་ཉིད་རིག་པའི་རིགས་ཀྱི་སློབ་ཚན། ཀྲུང་ཧྭ་མི་རིགས་བྱུང་འཕེལ་གྱི་ལོ་རྒྱུས་དང་། ཀྲུང་ཧྭའི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས། རྒྱལ་གཅེས་རིང་ལུགས་ཀྱི་རྩོམ་རིག་བརྩམས་ཆོས་སོགས་ཐད་ཀར་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བརྩིས་ཆོག དེ་ནས་རང་བྱུང་རིག་པ་དང་ཞིང་ལས། གསོ་རིག་རིགས་ཀྱི་སློབ་ཚན་ལ་མཚོན་ན། ལྷོ་ཆུ་བྱང་འདྲེན་དང་ནུབ་རླངས་ཤར་འདྲེན་སོགས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་མཉམ་ལས་སྐོར་བཤད་ཆོག་པའམ། ཡང་ན་མི་རབས་རིམ་བྱུང་གི་ཚན་རིག་མཁས་ཅན་གྱིས་ཀྲུང་ཧྭའི་ཚན་རྩལ་ཤེས་རིག་ལ་ལེགས་སྐྱེས་ཕུལ་བ་ངོ་སྤྲོད་བྱས་ཏེ། ཚན་རིག་ལ་རྒྱལ་མཚམས་མེད་མོད། འོན་ཀྱང་ཚན་རིག་མཁས་ཅན་ལ་ལྷད་མེད་དྭངས་གཙང་གི་རང་རེའི་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཡོད་པ་ནན་བཤད་བྱེད་དགོས། དེ་བཞིན་སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་སློབ་ཚན་ལ་མཚོན་ན། མི་རིགས་སོ་སོའི་སྒྱུ་རྩལ་གྱི་ནོར་བུ་ལ་མཐོང་ཆེན་དང་། མི་རིགས་ཀྱི་གླུ་གཞས་དང་ཞབས་བྲོ། ལུས་རྩལ་དང་ལག་རྩལ་རྣམ་གྲངས་སོགས་མངོན་མིན་རིག་གནས་ལ་སློབ་སྦྱོང་བྱས་ཏེ་མཛེས་རྟོགས་སློབ་གསོ་དང་ལུས་རྩལ་ཁྲོད་རིག་གནས་སྤེལ་རེས་དང་བརྩེ་བ་མཉམ་མྱོང་ལ་སྐུལ་འདེད་གཏོང་ཐུབ།
དགེ་རྒན་གྱི་ཀུན་སྤྱོད་ནན་པོ་བསྲུང་དགོས་ལ་དགེ་རྒན་གྱི་གཏམ་སྤྱོད་ནི་སློབ་མའི་སློབ་གསོ་རིག་གནས་ཁྲོད་ཀྱི་སློབ་དེབ་ཡག་ཤོས་ཡིན་པས། དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་གཏམ་སྤྱོད་གཅིག་མཐུན་གྱི་མིག་དཔེ་གསོན་པོ་འདོན་དགོས། མཐོ་སློབ་དགེ་རྒན་གྱིས་ངེས་པར་དུ་ཆབ་སྲིད་ཀྱི་དམར་ཐིག་བརྟན་སྲུང་བྱེད་དགོས་པ་སྟེ། སློབ་ཚན་ཕྱི་ནང་དང་དྲ་ཐོག་གང་བྱུང་དུ་མི་རིགས་མཐུན་སྒྲིལ་ལ་མི་ཕན་པའི་གཏམ་བརྗོད་གང་ཡང་གཏན་ནས་སྤེལ་མི་ཆོག་ལ། སློབ་གསོ་སློབ་ཁྲིད་ཀྱི་ནང་དུ་དྲང་བདེན་དྲང་འཛིན་གྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་སྟེ། སློབ་མ་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། དེ་ལ་མི་རིགས་དང་། ས་ཁོངས། ཁྱིམ་ཚང་གི་རྒྱབ་ལྗོངས་བཅས་ཀྱི་དབྱེ་བ་མེད་པར་བརྩེ་དུང་དང་བློ་གྲོས་ལ་བརྟེན་ནས་སློབ་མ་ཚང་མ་འཚར་ལོངས་ཡོང་བར་ཐུགས་ཁུར་བྱེད་དགོས། རང་ཉིད་ཀྱི་ཤེས་བྱ་གསོ་སྐྱོང་དང་། ཀུན་སྤྱོད་བསམ་བློ། བྱམས་བརྩེའི་སློབ་གསོ་བཅས་ལ་བརྟེན་ནས་སློབ་མས་གུས་བཀུར་དང་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་ཏུ་གྱུར་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་གོང་བུ་གཅིག་ཏུ་སྒྲིལ་བའི་འདུ་ཤེས་སློབ་སྟོན་ལ་གོ་སྐོན་བློ་འགུག་གི་ནུས་པ་ཐོན་པར་བྱེད་དགོས།
སློབ་གྲྭའི་རིག་གནས་དཔེ་སྐྲུན་བྱས་ནས་སློབ་མ་ལ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དྲོན་མོ་སྐྲུན་དགོས། སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྗོད་བྱ་གཙོ་བོའི་འཆད་ཁྲིད་དང་། ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་དུས་ཆེན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བྱེད་སྒོ་སོགས་རང་འགུལ་གྱིས་གཉེར་རྒྱུར་སྐུལ་འདེད་ཡང་ཡང་གཏོང་དགོས།
མདོར་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དུས་རབས་ཀྱི་འགྲུལ་བཞུད་ཁྲོད་དུ། མཐོ་སློབ་དགེ་རྒན་གྱི་འགན་འཁྲི་ནི་གཟི་བརྗིད་ལྡན་པ་དང་། འདིས་ང་ཚོས་སྲོལ་རྒྱུན་གྱི“དཔེ་དེབ་རང་བཞིན་གྱི་དགེ་རྒན”ལས་བརྒལ་ནས་སློབ་མའི་རྣམ་ཤེས་གཏོད་པའི“མི་ཆོས་གནད་ཀྱི་དགེ་རྒན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གཏིང་ཟབ་ཏུ་ཟམ་མི་ཆད་པར་གཏོང་བ་དང་། སློབ་གསོ་སློབ་ཁྲིད་བྱ་ཐབས་ཀྱི་ཐད་ལ་གསར་གཏོད་ཀྱི་རང་བཞིན་ལྡན་པ། དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་ནན་པོ་སྲུང་བ་བཅས་བྱས་ཏེ་མཐོ་སློབ་དགེ་རྒན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ས་བོན་གཞོན་ནུ་སློབ་མ་ཚང་མའི་སེམས་ལ་བཏབ་ནས། མཐར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། འབད་འཐབ་བྱེད་པའི་ན་གཞོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། དེ་ནི་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་མི་སྣ་གསོ་སྐྱོང་གི་ལས་གྲྭ་ཆེན་པོ་ཞིག་ཡིན་པས། སློབ་གསོའི་ལས་ལ་ཞུགས་མཁན་གྱི་དགེ་བའི་བཤེས་གཉེན་ཚང་མས་རྒྱུན་འཁྱོངས་ངང་འཚོལ་ཞིབ་དང་ལེགས་སྐྱེས་འབུལ་དགོས་སོ།།
ལྷ་ས་དགེ་འོས་སློབ་ཆེན་གྱི་བོད་ཡིག་དགེ་རྒན། སྟག་མོ་འཚོ།
འབྲེལ་ཡོད་གསར་འགྱུར།