ལྷད་མེད་བརྩེ་བས་སློབ་མའི་འཇོན་ཐང་སྐྱེད་སྲིང་བྱེད་ཐབས་སྐོར་གྱི་བསམ་ཚུལ་འགའ་གླེང་བ།
“མི་ཅི་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། སྐྱེད་སྲིང་ཇི་ལྟར་བྱེད་པ། སུའི་ཆེད་དུ་སྐྱེད་སྲིང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་གཞིགས་ནས། དུས་རབས་གསར་པར་མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་ཞིག་གཉེར་བ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་དགོངས་གཞི་དང་། སློབ་མའི་ན་ཚོད་ཀྱི་ཁྱད་ཆོས་དང་འཚམ་པའི་སློབ་གསོ་གཏོང་ཐབས་ཟུང་འབྲེལ་བྱས་ཏེ། འདིར་གུས་མོས་སློབ་མ་སྐྱོང་ཐབས་སམ་སློབ་མའི་འཇོན་ཐང་སྐྱེད་སྲིང་བྱེད་ཐབས་རགས་ཙམ་གླེང་བར་བྱའོ།
དང་པོ། དགེ་སློབ་བར་འབྲེལ་བ་འཛུགས་ཐབས།
གུས་མོ་རང་ཉིད་ཀྱི་སློབ་ཁྲིད་ཀྱི་འདུ་ཤེས་ནི“བརྩེ་བ་སེམས་ཀྱིས་སྐྱོང་། མེ་ཏོག་ཆུ་ཡིས་གསོ”ཞེས་པ་དེ་ཡིན་ལ། སློབ་ཁྲིད་ཀྱི་འདུ་ཤེས་དང་འབྲེལ་ནས་སློབ་མ་དང་འབྲེལ་ལམ་འཛུགས་པའི་ཐབས་ཡག་ཤོས་ནི། དྲི་མེད་ཀྱི་བརྩེ་བ་དང་ལྷད་མེད་ཀྱི་ལྷག་བསམ་ཡོད་ཚད་སློབ་མར་བཅངས་ནས་སེམས་ནང་སློབ་མ་ཡོད་པ། མིག་ནང་སློབ་མ་འཁོར་བ། ལག་ལེན་སློབ་མར་དམིགས་པ་བཅས་ཀྱི་ཐབས་ལམ་བརྒྱུད་དེ་སློབ་མའི་སློབ་སྦྱོང་ཁོ་ན་མ་ཡིན་པར། ཁྱིམ་ཚང་གི་ཆ་རྐྱེན་དང་གཟུགས་གཞིའི་བདེ་ཐང་། སེམས་ཁམས་ཀྱི་གནས་ཚུལ། སློབ་གྲྭའི་གནས་ཚུལ་བཅས་ལ་དངོས་རྟོགས་དང་ཤུགས་རྟོགས་གང་རུང་ནས་རྒྱུས་ལོན་བྱས་རྗེས། སློབ་མའི་ཕྱི་ཡི་སྦྱོར་བ་དང་བསྟུན་ནས་སློབ་མར་ངག་ཐོག ཡིག་ཐོག སྐབས་ཐོག་གི་འབྲེལ་འདྲིས་དང་བགྲོ་གླེང་སེམས་ཁུར་སོགས་བྱས་ཏེ། སློབ་མ་རབ་འབྲིང་ཐ་གསུམ་གྱི་བློ་དང་འཚམ་པའི་སྐུལ་ལྕག་དང་སེམས་ཤུགས་མི་འདྲ་བ་སྤྲོད་རྒྱུ་ནི་གལ་ཆེ་བར་སྙམ། ཨ་ཅང་ཅང་། དེའི་བརྒྱུད་རིམ་ཁྲོད་ཞིབ་ཚགས་དང་ངང་རིང་། བཟོད་བསྲན་དང་བློ་རྒྱ། གཤིས་བཟང་དང་རྒྱུན་འཁྱོངས་བཅས་དགོས་རྒྱུ་ནི་དེ་བས་འགངས་ཆེན་ཞིག་ཡིན་པས། དགེ་སློབ་དབར་གྲོགས་པོ་གྲོགས་མོའི་འདུ་ཤེས་སམ་ཕ་མ་བུ་ཕྲུག་གི་འདུ་ཤེས་འཛིན་ཏེ་འབྲེལ་ལམ་འཛུགས་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ནོ། །
གཉིས་པ། རྩོམ་འབྲིའི་ནུས་པ་ཇེ་ལེགས་སུ་གཏོང་ཐབས།
སྐད་ཡིག་སློབ་ཚན་ལ་མངའ་བའི་དམིགས་བསལ་ཁྱད་ཆོས་ནི་ཉེར་སྤྱོད་དང་གསོག་འཇོག་ཡིན་ལ། དེའི་རྨང་གཞི་ནི་འབྲི་ཀློག་ཉན་བཤད་བཞི་ནས་འགོ་འཛུགས་རྒྱུ་ཡིན་པས། སློབ་མ་རབ་འབྲིང་ཐ་གསུམ་གྱི་ཆུ་ཚད་མི་འདྲ་བར་དམིགས་ནས། བརྡ་སྤྲོད་སྐོར་གྱི་རྨང་གཞིའི་ཤེས་བྱ་སྲ་བརྟན་དང་ཞིབ་འགྲེལ་བྱས་ཏེ་མ་མཐར་སློབ་མ་ཚང་མས་འབྲི་ཀློག་ཉན་བཤད་བྱ་ཐུབ་པའི་ཚད་དུ་སླེབས་ཐོག གོམ་གང་མདུན་སྤོས་ཀྱིས་བརྗོད་ཐུང་བཟོ་བ། གཟའ་ཐོ་དང་ཉིན་ཐོ་འབྲི་བ། སློབ་ཕྱིའི་སློབ་དེབ་དང་སློབ་ཚན་གྱི་ནང་དོན་ཟུང་འབྲེལ་གྱིས་དཔེ་ཀློག་བྱས་ཏེ། གཏམ་དཔེ་དང་དཔེ་ཆོས། མཁས་པའི་གསུང་དང་གྲགས་ཅན་མི་སྣའི་ལེགས་བཤད་སོགས་བཤུ་འབྲི་བྱེད་པའི་གོམས་གཤིས་འཇགས་ཐབས་ལ་བརྩོན་པ་གང་ཞིག སློབ་མ་སོ་སོས་བཤུ་འབྲི་བྱས་པའི་ནང་དོན་དག་ལ་དགེ་རྒན་ནས་འོས་འཚམ་གྱིས་འགྲེལ་བཤད་བྱས་ཐོག རིམ་བཞིན་མི་སྣ་ཞིབ་འབྲི་དང་ཁོར་ཡུག་ཞིབ་འབྲི། སེམས་ཁམས་ཞིབ་འབྲི། གཏམ་གླེང་ཞིབ་འབྲི་བཅས་ཀྱི་ནང་དོན་མཚོན་པའི་རྩོམ་ཐུང་ལག་ལེན་དངོས་ཀྱི་ནང་སྦྱོང་བརྡར་མང་ཙམ་བྱས་རྗེས། མཇུག་ཏུ། གཞན་རྩོམ་ལད་འབྲི་དང་། རང་རྩོམ་གསར་གཏོད་ཀྱི་ལས་ལ་འཇུག་ཚེ་རྩོམ་འབྲིའི་ནུས་པ་མཐོར་འདེགས་ཡོང་ཐུབ་བོ།།
གསུམ་པ། དཔེ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས།
དཔེ་ཀློག་གི་མོས་པ་སྐྱེད་སྲིང་བྱེད་པའི་ཐབས་ལེགས་ཤོས་ནི་སློབ་མའི་སེམས་ཁམས་དང་སློབ་སྦྱོང་། འཚོ་བ་སོགས་ལ་ཟབ་འཇུག་བྱས་ཏེ། ཁོང་ཚོའི་ཁམས་སམ་མོས་པ་དང་འཚམ་ཞིང་། འཚོ་བ་དང་བར་ཐག་ཆེས་ཉེ་བའི་བསླབ་དེབ་བདམས་ནས་འོས་སྦྱོར་བྱས་ཐོག འཛིན་གྲྭའི་ནང་དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཏེ། སློབ་མ་རབ་འབྲིང་ཐ་གསུམ་གྱི་གནས་ཚད་དང་མཐུན་པར་ཟླ་བ་རེར་དཔེ་ཀློག་མྱོང་ཚོར་གྱི་བྱེད་སྒོ་ཚ་ཚ་འུར་འུར་ཐེངས་རེ་སྤེལ་ཐུབ་ཚེ། ཐོབ་འབྲས་ཀྱང་ཧ་ཅང་ལེགས་པར་འདུག་པ་ཡང་གུས་མོ་རང་ཉིད་ནས་དངོས་སུ་ཚོད་ལྟ་བྱས་པ་ཡིན། དེ་ཡང་རང་ཉིད་ནས་ཟླ་བ་རེར་ནང་དོན་མི་འདྲ་བའི་དཔེ་ཆ་བཅུ་ནས་ཉི་ཤུ་ཙམ་རེ་ཉོས་ཏེ་སློབ་མར་ཟླ་བ་རེའི་ནང་དཔེ་དེབ་རེ་ལྟ་ཐུབ་པའི་ལས་འགན་སྤྲད་རྗེས། དགོང་ཚོགས་ཀྱི་དུས་ཚོད་བེད་སྤྱད་དེ་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་ཞོར། བར་འཇུག་གི་ཚུལ་དུ་ཚོགས་ཆུང་ཁག་བགོས་ཀྱིས་འཚོ་བའི་རྒྱུན་ཤེས་འགའ་ལ་ཧབ་ཐོབ་ཀྱིས་དྲིས་ལན་འདེབས་སུ་བཅུག་པ། ཚོགས་ཆུང་ཕན་ཚུན་དཔེ་ཀློག་དང་འབྲེལ་བའི་དྲི་བ་འདོན་དུ་འཇུག་པ་བཅས་ཀྱི་རྣམ་པ་མི་འདྲ་བའི་ཐོག་ནས་སྐར་གྲངས་བརྒྱབ་སྟེ། ཐོབ་སྐར་གྱི་མཐོ་དམའ་བཟོས་རྗེས། མི་སྒེར་དང་ཚོགས་ཆུང་གང་རུང་ལ་སྐུལ་ལྕག་གི་བྱ་དགའ་སྤྲད་པ་སོགས་ལས་སློབ་མའི་དཔེ་ཀློག་གི་མོས་པ་སྐྱེད་སྲིང་བྱ་ཐུབ་པ་བྱུང་།
བཞི་པ། སློབ་མའི་མི་གཞི་དང་ཀུན་སྤྱོད་སྐྱོང་ཐབས།
རང་ཉིད་ཀྱི་ངོས་འཛིན་ལྟར་ན། སྣོད་བསྟུན་སློབ་མ་སྐྱོང་ཐབས་ལ་བརྟེན་ན་བཟང་བར་འདོད་དེ། དེ་ཡང་ན་ཚོད་ཀྱི་དུས་རིམ་མི་འདྲ་བ་དང་འཚོ་སྡོད་ཀྱི་ཁོར་ཡུག་མི་འདྲ་བ་ལས། སློབ་མའི་སེམས་ཁམས་དང་ཀུན་སྤྱོད། རང་གཤིས། རིན་ཐང་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་སོགས་ལ་འགྱུར་ལྡོག་ཤུགས་ཆེན་འགྲོ་གི་ཡོད་པས། གཏན་ཆགས་རང་བཞིན་གྱི་ཐབས་ལམ་གཅིག་ཁོ་ནར་བརྟེན་ནས་སློབ་མ་བསྐྱང་ཚེ། ཕྱོགས་ལྷུང་གི་སྐྱོན་དུ་གྱུར་ཉེན་ཆེ་བས། རང་ངོས་ནས་སློབ་མ་སྐྱོང་བའི་ཐབས་ལམ་གཙོ་བོ་འཇམ་རྩུབ་བམ་ཞི་དྲག་ཟུང་འབྲེལ་གྱི་ལམ་ནས་ཡིན་ལུགས་ཅུང་ཞིབ་ཙམ་བརྗོད་ན་འདི་ལྟ་སྟེ། སློབ་མ་མི་ཉུང་བ་ཞིག་ལེ་ལོ་སྒྱིད་ལུག་གི་དབང་དུ་འགྲོ་མགྱོགས་པ་དང་། རང་སྐྱོན་དང་ལེན་གྱི་སྤོབས་པ་མེད་པ། དཀའ་སྤྱད་སྡུག་རུས་མི་ཐུབ་པ། ལེགས་ཉེས་དང་བདེན་རྫུན་ཤན་འབྱེད་ཀྱི་ཤེས་རབ་དབུལ་བ། ང་རྒྱལ་དང་ཁོང་ཁྲོ་ལངས་སྐྱེན་པ། གཞན་ལ་བསམ་ཤེས་ཉུང་བ་སོགས་ཀྱི་ཞན་ཆ་ཡོད། དེས་ན། རང་ཉིད་ཡུན་རིང་འཛིན་བདག་དགེ་རྒན་བྱས་པའི་ངོས་ནས་གོང་སྨོས་སློབ་མའི་སྐྱོན་གྱི་འབྱུང་རྩར་དབྱེ་ཞིབ་བྱ་རྒྱུ་དེ་འཛིན་གྲྭའི་ལས་ཀའི་ལྟེ་གནད་དུ་བཞག་སྟེ། སློབ་མ་རྣམས་རིགས་མི་འདྲ་བ་བཞི་རུ་དབྱེ་བ་ཡང་། སྦྱངས་འབྲས་ལེགས་ཀྱང་ཀུན་སྤྱོད་ཞན་པ། ཀུན་སྤྱོད་ལེགས་ཀྱང་སྦྱངས་འབྲས་ཞན་པ། གཉིས་ཀ་ལེགས་པ། གཉིས་ཀ་ཞན་པ་བཅས་ལ་དམིགས་ནས་མཐོ་འབྲིང་ལོ་རིམ་དང་པོར་སློབ་མའི་མི་གཞི་ཀུན་སྤྱོད་གསོ་རྒྱུ་གཙོ་བོར་འཛིན་ནས་སློབ་མ་ཚང་མའི་ལུས་ཐོག་ཏུ་ཡོད་པའི་སྐྱོན་ཕྲ་རགས་རྣམས་སྤངས་ཐབས་སུ་གདུལ་བྱ་སློབ་མའི་རང་གཤིས་དང་ཁྱིམ་ཚང་གི་གནས་ཚུལ། སློབ་གྲྭའི་གནས་ཚུལ་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ་སློབ་མ་ཚང་མར་རྒྱུས་ལོན་གཏིང་ཟབ་བྱུང་རྗེས། སློབ་མའི་དོན་དངོས་གནས་ཚུལ་དང་བསྟུན་ནས་སྐབས་རེ་ངག་འཇམ་པོའི་ངང་སློབ་གསོ་སྐུལ་མ་གཏོང་བ། སྙིང་གཏམ་ཤོད་པ། སློབ་མའི་ལུས་ཐོག་ཏུ་ཡོད་པའི་སྐྱོན་ཆུང་ཆུང་དེ་དག་གིས་གནས་ཚུལ་ཆེན་པོ་བཟོས་པའི་མཇུག་འབྲས་ཀྱང་འཚོ་བ་དངོས་དང་འབྲེལ་ཏེ་སློབ་མར་བརྗོད་དེ་སློབ་མའི་བསམ་སྤྱོད་རྒྱ་ཡན་དུ་མི་འགྲོ་བ་དང་། སྐྱོན་གྱི་རྩ་བ་ནས་གཅོད་ཕྱིར་ཆད་པ་འོས་འཚམ་གཅོད་པའམ་ཅུང་ཕོག་ཐུག་ཆེ་བའི་སྨྲ་བརྗོད་འོས་འཚམ་བེད་སྤྱད་པ་བརྒྱུད་མ་རིག་གི་དབང་དུ་སོང་བའི་སློབ་མ་ཚོ་རྨོངས་གཉིད་ལས་སད་དུ་འཇུག་རྒྱུ་དེ་ཡིན། མཐོ་འབྲིང་ལོ་རིམ་གཉིས་པའི་ལས་ཀའི་གཙོ་གནད་མཐོ་འབྲིང་ལོ་རིམ་དང་པོར་ཆགས་པའི་སྒྲིག་དང་གོམས་སྲོལ་བཟང་པོ་དེ་དག་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག གལ་ཏེ་སློབ་མའི་ལུས་ཐོག་ཏུ་སྐྱོན་གསར་པ་འདྲ་ཐོན་ཚེ་བཙལ་ཏེ་བཅོས་པ་དང་སྦྲགས་རིམ་བཞིན་ཀུན་སྤྱོད་དང་རིག་གནས་ཟུང་འབྲེལ་གྱི་རྣམ་པར་བསྒྱུར་རྒྱུ་དེ་ཡིན། མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ་འཛིན་གྲྭའི་ལས་ཀའི་གཙོ་གནད་སློབ་སྦྱོང་ཐོག་ཏུ་བཞག་སྟེ། སློབ་མ་དང་མཉམ་དུ་ཁོང་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་བ་གདོང་གིས་བསུས། འབྲས་བཟང་པང་དུ་ལེན་རྒྱུ་དེ་རེད་སྙམ།
(ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་སྒྲོལ་མ་ཆོས་འཛོམས)
འབྲེལ་ཡོད་གསར་འགྱུར།