དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་ནུས་པ་འཛུགས་སྐྱོང་རྒྱུན་མཐུད་རིམ་སྤོར་བྱས་ཏེ་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    ཉེ་ཆར། གསར་འགོད་པས་2025ལོའི་རང་སྐྱོང་ལྗོངས་ཀྱི་སྨན་རྫས་བདེ་འཇགས་དང་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མིག་སྔར། ཁེ་ལས་དང་རྒྱལ་ཁབ་ཀྱི་སྨན་རྫས་ཆོག་འཐུས་ཨང་རྟགས་སྣ་ཁའི་གྲངས་འབོར་2020ལོ་དང་བསྡུར་ན་ལྗོངས་ཡོངས་སུ་སྨན་རྫས་ཐོན་སྐྱེད་ཁེ་ལས་35དང་སྨན་རྫས་སྡེབ་ཚོང་ཁེ་ལས་18མང་དུ་ཕྱིན་པ་དང་། སྨན་སྣ་ཁག་གསར་པ་44དང་ཆོག་འཐུས་ཡིག་ཆའི་ཨང་རྟགས་50མང་དུ་ཕྱིན་ཞིང་། 2024ལོར་བོད་སྨན་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34ཟིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ནོར་བུས། ལྗོངས་ཡོངས་ཀྱི་བོད་སྨན་དང་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཚད་གཞི་སྔོན་འཇོག་མཐའ་འཁྱོངས་བྱས་ཏེ《བོད་སྨན་ཀྱི་ཚད་གཞི་ཁག་95》ལ་བཟོ་བཅོས་རྒྱག་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ལ་སྨན་སྣ་ཁག་80ཡི་སྤུས་ཚད་ཚད་གཞིའི་བཟོ་བཅོས་འཆར་ཟིན་སྙན་སེང་ཞུས་པར་ཚད་གཞི་11ལ་ཆོག་མཆན་ཐོབ་ཡོད། “བོད་སྨན་ཚད་གཞི་ཁག་གཉིས་པའི་ལོ་གསུམ་བྱ་སྤྱོད་འཆར་གཞིའི”ནང་གི་སྨན་སྣ་ཁག་44ཡི་ཚད་གཞིའི་ཞིབ་འཇུག་ལེགས་གྲུབ་བྱུང་བ་དང་། “ར་མཉེ”སོགས་བོད་སྨན་གྱི་ཚད་གཞི་18ཁྱབ་བསྒྲགས་བྱས་ནས་བོད་སྨན་གྱི་ས་གནས་ཀྱི་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། “ལས་ཕྱོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རིམ་རྩིས་བརྒྱབ་ན། ཞིབ་མཆན་བཀོད་པའི་དོན་ཚན་9511བསྒྲུབས་པ་དང་། གློག་རྡུལ་ལག་ཁྱེར་2700ལྷག་ཙམ་སྤྲད་པ། དྲ་ཐོག་ནས་སྲིད་འཛིན་ཆོག་མཆན་སྒྲུབ་གཉེར་བྱེད་ཚད་100%ཟིན་ཡོད། བོད་སྨན་གྱི“ཟུང་འབྲེལ་གསུམ”གྱི་དཔང་རྟགས་མ་ལག་འོག་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ་བོད་སྨན་སྣ་ཁ་13ལ་ཞིབ་འཇུག་བྱེད་བཞིན་ཡོད། བོད་སྨན་འཕྲུལ་ཆས་ཚད་ལྡན་ཅན་གྱི་དོ་དམ་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་སྨན་སྣ་ཁག་གསར་པ་ལྔ་ཁྲོམ་རར་བདེ་བླག་ངང་བཏོན་པ་དང་ཞིབ་འཇུག་བྱེད་བཞིན་པའི་སྨན་སྣ་ཁ་དྲུག་ལ་བརྒྱུད་རིམ་ཧྲིལ་པོར་རོགས་རམ་མཛུབ་ཁྲིད་བྱས་ནས་བོད་སྨན་འཕྲུལ་ཆས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།