སློབ་གསོའི་དཔྱིད་རླུང་ས་མཐོར་ལྡང་། ཤེས་ལྡན་མི་སྣ་འཚར་ལོངས་བཟང་།
—— བོད་ལྗོངས་འཛིན་གྲྭ་གཉེར་བའི་ལོ་40ཡི་རིང་གི་མི་སྣ་གསོ་སྐྱོང་གི་ལམ་བུ།

ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ལེ་ཏུང་སློབ་འབྲིང་གིས“འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སློབ་གྲྭར་ཁྲིད་པའི”བྱེད་སྒོ་སྤེལ་བ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་པར་རིས་མཁོ་འདོན་བྱས།

ཤིས་ཨན་གྲོང་ཁྱེར་ཁྲེན་པ་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་སློབ་མས་མཉམ་དུ་སྐྱེས་སྐར་གཏོང་བཞིན་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་པར་རིས་མཁོ་འདོན་བྱས།

ཧོ་པེ་དགེ་འོས་སློབ་ཆེན་ཞོར་གཏོགས་མི་རིགས་སློབ་གླིང་གི་སྐབས་དང་པོའི་བོད་ལྗོངས་འཛིན་གྲྭའི་སློབ་མས་གནམ་བདེ་སྒོ་མོའི་ཐོག་ཁང་སྟེང་འཛེགས་ནས་ལྟ་སྐོར་བྱེད་བཞིན་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་པར་རིས་མཁོ་འདོན་བྱས།

ཁྲེང་ཏུའུ་བོད་ལྗོངས་སློབ་འབྲིང་གི་སྐབས་དང་པོའི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མའི་སློབ་ཐོན་མཛད་སྒོ་ཡིན་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་པར་རིས་མཁོ་འདོན་བྱས།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་རིམ་གཉིས་དགེ་རྒན་ཆེ་མོ་བ་པ་རྒོད(གཡོན)དང་ལེའོ་དབྱང་སློབ་འབྲིང་དང་པོའི་འཛིན་བདག་ཤུའེ་ཧུང་ཡན་གཉིས་ཀྱི་མཉམ་པར་ཡིན་པ།
1984ལོར། ཏང་ཀྲུང་དབྱང་གིས་བོད་ཀྱི་ས་རྒྱ་ཆེ་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། སློབ་གསོའི་རྨང་གཞི་ཞན་པ་སོགས་ཀྱི་དམིགས་བསལ་ལྗོངས་བབ་ལ་གཞིགས་ནས། བོད་ལྗོངས་འཛིན་གྲྭ(སློབ་གྲྭ)གཉེར་བའི་ཐབས་ཇུས་གལ་ཆེན་བཏོན་ཡོད། བྱེད་ཐབས་དེ་དཔྱིད་རླུང་དང་འདྲ་བར་ས་མཐོའི་ཤེས་ལྡན་པ་གསོ་སྐྱོང་ལ་ཡུན་རིང་གི་སྒུལ་ཤུགས་བསྣན་པ་མ་ཟད། གངས་ལྗོངས་ས་མཐོ་དང་ལྗོངས་ཕྱི་སྦྲེལ་མཐུད་ཀྱི་སློབ་གསོའི་སྦྲེལ་ཟམ་ཡང་བཏོད། ཞིང་ཆེན་དང་གྲོང་ཁྱེར་16གིས་སྔོན་ལ་དང་ལེན་བྱས་ཏེ་འཛིན་གྲྭ་གཉེར་བའི་ལས་དོན་མགྱོགས་མྱུར་བསྒྲུབས་ཤིང་། སྐབས་དེ་ནས་བཟུང་བོད་ཀྱི་སློབ་མ་ཁག་དང་ཁག་གིས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་རི་ཀླུང་བརྒལ་ནས་ལྗོངས་ཕྱིར་སློབ་གཉེར་གྱི་ལམ་དུ་བཞུད་པ་དང་། ཡུལ་གཞན་གྱི་སློབ་གྲྭར་ཕུགས་འདུན་མངོན་འགྱུར་ཆེད་དཀའ་སྤྱད་སྙིང་རུས་བྱས་པ་རེད།
ལོ་40ཡི་རིང་། བོད་ལྗོངས་འཛིན་གྲྭའི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ནས་སློབ་གསོའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ད་ཆ་བོད་ལྗོངས་འཛིན་གྲྭ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཏུ་ཁྱབ་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2ལྷག་ཙམ་ཟིན་ལ། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་རྣམ་པ་འཐུས་ཚང་ཞིག་གྲུབ་ཡོད།
ལོ་40ཡི་རིང་། བོད་ལྗོངས་འཛིན་གྲྭས་རིམ་རྩིས་བརྒྱབ་ན་འབྲིང་རིམ་ཆེད་ལས་ཡན་གྱི་ཤེས་ལྡན་པ་ཁྲི་8ལྷག་ཙམ་གསོ་སྐྱོང་བྱས་པ་དང་། གངས་ལྗོངས་ས་མཐོར་གཞི་ཚུགས་པའི་ཁོང་ཚོ་ནི་བོད་ཀྱི་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། སློབ་གསོའི་འཐབ་ཕྱོགས་སུ་ཁོང་ཚོས་ཤེས་བྱའི་མེ་སོན་གྱི་རྒྱུན་བསྐྱངས་པ་དང་། སྨན་བཅོས་ཁྱབ་ཁོངས་སུ་ཁོང་ཚོས་མང་ཚོགས་ཀྱི་བདེ་ཐང་བསྲུངས་ཤིང་། གཞི་རིམ་གྱི་འཐབ་ས་དང་པོར་ཁོང་ཚོས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ལ། ཚན་ཞིབ་ལས་གནས་སུ་ཁོང་ཚོས་ལག་རྩལ་གྱི་དཀའ་གནད་ལས་འགག་སྒྲོལ་བྱས་ཡོད། བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགག་རྩའི་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཏེ། བོད་ཀྱི་བྱ་གཞག་ཁག་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།
ལོ་40ཡི་དཀའ་སྤྱད་འབད་འབུངས་ལས་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། བོད་ལྗོངས་འཛིན་གྲྭའི་ལོ་40ནི་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་སོང་བའི་ལོ་40དང་། མི་རིགས་ཁག་གི་མང་ཚོགས་ཚོས་བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་བའི་ལོ་40ཡིན་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གསོན་ཉམས་དོད་པའི་བདེན་དཔང་ཞིག་ཀྱང་རེད། འབྱུང་འགྱུར་བོད་ལྗོངས་འཛིན་གྲྭས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་མུ་མཐུད་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་ཤུགས་སྣོན། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དར་རྒྱས་བརྟན་ལྷིང་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བཅས་ཀྱི་ཆེད་སྟོབས་ཤུགས་ཟམ་མི་ཆད་པ་འདོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།