སློབ་ཁྲིད་ཀྱི་ཚད་གཞི་གསར་པའི་རྒྱབ་ལྗོངས་འོག་སྐད་ཡིག་སློབ་ཁྲིད་བྱ་ཐབས་སྐོར་གྱི་བསམ་གཞིག་ཐོར་བུ།
དེ་ཡང་སྤྱིར་བཏང་མཐོ་འབྲིང་གི་སློབ་གསོ་ནི་འོས་འགན་སློབ་གསོའི་རྨང་གཞིའི་ཐོག་རྒྱལ་དམངས་ཀྱི་བྱང་ཚད་སྔར་བས་མཐོར་རུ་གཏོང་བ་དང་རྨང་གཞིའི་སློབ་གསོ་དམངས་ཡོངས་ལ་ཁ་ཕྱོགས་པ་ཞིག་རེད་ཅེས་གསུངས་པ་ལྟར་ཕྱོགས་ཡོངས་ནས་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་ཅིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པའི་སློབ་གསོ་སློབ་ཁྲིད་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ། སྐད་ཡིག་སློབ་གསོ་སློབ་ཁྲིད་ནུས་ལྡན་ཞིག་ཡོང་བར་འབད་ཐབས་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་འཁུམས། དེས་ན། འདིར་ཁོ་བོས་རང་གི་ཉམས་མྱོང་དང་བསྟུན་ནས་སྐད་ཡིག་གི་ནུས་ལྡན་སློབ་ཁྲིད་བྱ་ཐབས་སྐོར་ལ་རགས་ཙམ་གླེང་བ་སྟེ།
དང་པོ། སློབ་ཁྲིད་ཐབས་ལམ་ཐད་ཀྱི་བསམ་གཞིག
དེ་ཡང་། ལས་དོན་གང་ཞིག་སྒྲུབ་རུང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་རྒྱུ་དགོས་གལ་ཤིན་ཏུ་ཆེ། ལྷག་དོན་དུ་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་དེ་བས་སྨོས་མི་དགོས་པ་ཞིག་ཡིན་པ་ལ་དུས་རབས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ནས་སློབ་ཁྲིད་ཀྱི་ཐབས་ལམ་ཐད་ལའང་གོམ་གང་མདུན་སྤོས་ཀྱིས་འགྱུར་བ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཚོགས་ཆེན་གྱི་སྙན་ཞུའི་ནང་དུའང་སློབ་གསོ་ཚན་རྩལ་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཕྱོགས་རང་བཞིན་གྱི་རྨང་བརྟན་ཡིན་ལ་ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཐོག་མ་དང་། མི་སྣ་གསོ་སྐྱོང་ནི་རྒྱུ་ཆ་ཐོག་མ། གསར་གཏོད་ནི་སྒུལ་ཤུགས་ཐོག་མ་བཅས་ཡིན་པས། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་དར་སྤེལ་དང་། ཤེས་ལྡན་པར་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོམ་ཁ་བསྒྱུར་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཁྲོད་ཀྱི་དགེ་ཚན་བཟུང་དགོས་ཞེས་གསུངས་པ་ལྟར། མི་སྣ་གསོ་སྐྱོང་བྱ་རྒྱུས་ཆེས་གལ་ཆེ་བའི་འཐབ་ཕྱོགས་རང་བཞིན་གྱི་གནས་བབ་བཟུང་ཡོད་ལ། མི་སྣ་སྐྱོང་བར་ཡང་སློབ་གསོ་སློབ་ཁྲིད་ལ་བརྟེན་དགོས་ལ་སློབ་གསོ་སློབ་ཁྲིད་ཡང་དག་སྤུས་ལེགས་ཤིག་ཡོང་བར་སློབ་ཁྲིད་ཀྱི་ཐབས་ལམ་དང་ཐད་ཀར་འབྲེལ་བ་ཡོད།
འོ་ན། ཇི་ལྟར་བྱས་ཏེ་ཐབས་ལམ་ཡང་དག་པའི་སློབ་ཁྲིད་ཀྱི་ཕྱོགས་ལ་ཁ་ཕྱོགས་ཅིང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་བྱ་བ་ལ། ཐོག་མར་སློབ་མའི་དད་མོས་སམ་དགའ་ཞེན་ཤེས་རྟོགས་བྱ་དགོས། དེ་ཡང་། སློབ་མའི་དད་མོས་དང་དགའ་ཕྱོགས་སྔོག་འདོན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
གཉིས་པ། སློབ་མའི་རྨང་གཞིའི་ཆུ་ཚད་ལ་རྒྱུས་ལོན་བྱེད་དགོས།
སློབ་མའི་གནས་ཚད་ལ་རྟོག་ཞིབ་བྱས་ཏེ་དུས་ཐོག་ཏུ་རྨང་གཞིའི་ཆུ་ཚད་ཤེས་རྟོགས་བྱ་རྒྱུ་ནི། འབེན་ལེགས་པར་ངོས་བཟུང་ནས་མདའ་མོ་འཕེན་པ་དང་མཚུངས་པས། དོན་མེད་ཀྱི་དཀའ་ཁག་མི་ཡོང་བ་དང་ནུས་པ་ཞན་པའི་སློབ་ཁྲིད་མི་ཡོང་བར་བྱ་དགོས་ན་དེ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེས་ན། སློབ་མའི་ཆུ་ཚད་དམན་པ་དང་དགེ་རྒན་གྱིས་གསལ་འགྲེལ་ཚད་དང་མི་མཐུན་པ་ནི་མདང་སྐྱེས་ཀྱི་བྱིས་པར་ཐུད་སྟེར་བ་བཞིན་སྲོག་འཕྲོག་པར་བྱེད་ལ། ཡང་སློབ་མའི་རྨང་གཞི་བཟང་ངན་དང་དགེ་རྒན་གྱི་ཆུ་ཚད་དེས་ཀྱང་མི་ཡོང་བས་ངེས་པར་དུ་རྨང་གཞི་དང་མཐུན་པའི་གང་ལ་དེ་ཙམ་གྱི་སློབ་ཁྲིད་བྱ་དགོས་པ་ནི་གྲུབ་འབྲས་བཟང་པོ་ཐོབ་པའི་དགེ་རྐྱེན་རྒྱུ་རྐྱེན་གཙོ་བོ་རེད།
གསུམ་པ། དགེ་སློབ་ཟུང་འབྲེལ་ལམ་སློབ་མ་ཚོའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་བྱེད་དགོས།
དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཐོན་སྐྱེད་ཀྱི་དགོས་མཁོ་དང་འཚམ་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ཁ་ཕྱོགས་ཡང་དག་ཅིག་རེད། དེ་ཡང་། སྐད་ཡིག་བསླབ་ཚན་གསར་པའི་ཚད་གཞིའི་ནང་དུའང་གཞི་རྩའི་བྱང་ཚད་དམ་སྲོག་ཤིང་གི་བྱང་ཚད་ལྡན་པའི་སློབ་མ་སྐྱོང་དགོས་ཅེས་གསུངས་པ་ལྟར་འབྲི་ཀློག་ཉན་བཤད་དང་ཀུན་སྤྱོད། ཤེས་རིག་ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ནུས་ལྡན་གྱི་བྱང་ཚད་ལྡན་པའི་མི་སྣ་ཞིག་སྐྱོང་དགོས་ན་སློབ་གསོ་སློབ་ཁྲིད་ཀྱི་སྐབས་ནས་མགོ་བརྩམས་ཏེ་སྲོལ་རྒྱུན་གྱི་ཚོགས་འདུན་ཆ་ཚང་དགེ་རྒན་ལ་དབང་བ་དང་སློབ་མ་སྣོད་ཆས་ཁོ་ནར་འཛིན་པའི་ལྟ་ཚུལ་འདི་ངེས་པར་དུ་འདོར་དགོས། སྤྱིར་ན་རིག་ཚན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་གསལ་འགྲེལ་བྱ་བའི་ཐབས་ཀྱང་མི་འདྲ་ལ་ལྷག་དོན་སྐད་ཡིག་གི་བསླབ་ཚན་ལ་མཚོན་ནའང་འཆད་ཁྲིད་གཙོ་བོར་བཟུང་དགོས།
ཡིན་ནའང་ད་ཆ་དུས་རབས་ཀྱི་དགོས་མཁོ་དང་སློབ་གསོའི་དམིགས་ཚད་ལ་བསམ་གཞིག་བྱེད་སྐབས་འཆད་ཁྲིད་ཁོ་ནས་སློབ་ཁྲིད་ཀྱི་རྒྱུན་བསྐྱངས་པ་མ་ཡིན་པར་དཔེ་གཞི་དབྱེ་ཞིབ་དང་། དྲིས་ལན་འདོན་རེས། བསམ་གཞིག་དང་བགྲོ་གླེང་། སློབ་ཕྱིའི་ཤེས་བྱ་འོས་སྦྱོར་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ་སློབ་མ་སྒེར་གྱི་བསམ་གཞིག་གི་ནུས་པ་དང་། དབྱེ་ཞིབ་ཀྱི་ནུས་པ། ཐག་གཅོད་ཀྱི་ནུས་པ་སོགས་རིམ་བཞིན་གསོ་སྐྱོང་བྱེད་དགོས། མདོར་ན། སྣ་མང་གི་སློབ་ཚན་ཁྲིད་ཐབས་དང་འཆད་ཁྲིད་ཟུང་འབྲེལ་བྱས་ཏེ་སློབ་མའི་སྐད་ཡིག་གི་འཇོན་ཚད་དང་དབྱེ་ཞིབ་ཀྱི་ནུས་པ་མཐོ་རུ་གཏོང་དགོས།
བཞི་པ། མི་གཞི་ལེགས་པར་གསོ་བའི་ཀུན་སྤྱོད་ཀྱི་སློབ་གསོར་འབད་དགོས་པ།
མི་མང་པོས་མི་གཞིའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་གཉིས་དེ་ཙམ་འབྲེལ་བ་མེད་པའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དོན་དངོས་སུ་དེ་ལྟར་མ་ཡིན་པར་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་སྐད་ཡིག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཡང་དག་པའི་རིན་ཐང་ལྡན་པའི་མི་གཞི་ལེགས་པོ་ཞིག་གསོ་སྐྱོང་བྱེད་དགོས། དེ་ཡང་། རྒྱའི་གནའ་བོའི་ཀུན་སྤྱོད་ཀྱི་བསྟན་བཅོས་ལས་ཀྱང་མི་ལ་ཀུན་སྤྱོད་མེད་གྱུར་ན་འཇིག་རྟེན་འདི་རུ་གནས་པ་དམན་གསུངས་པ་ཇི་བཞིན་སྤྱི་ཚོགས་ལ་ཕན་པའི་མི་སྣ་གསོ་སྐྱོང་བྱ་བའི་མཐར་ཐུག་ས་ནི་མི་གཞི་གསོ་སྐྱོང་ཡང་དག་དུ་གཏོང་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།
ལྔ་པ། སྦྱོང་ཚན་བཀོད་སྒྲིག་ཐད་ཀྱི་བསམ་གཞིག
ཀུན་གྱིས་མཁྱེན་གསལ་ལྟར་སྦྱང་ཚན་ནི་སློབ་མ་ཚོས་ཚོགས་ཐུན་དེའི་སྟེང་གི་ཤེས་ཚད་འཇལ་བའི་རྒྱ་སྲང་ཡག་ཤོས་རེད་ཅེས་གསུངས་པ་ལྟར་དོན་དངོས་སུ་ཡང་དེ་ལྟར་རེད། ཡིན་ན་ཡང་དེང་གི་ཆར་མི་མང་པོ་ཞིག་གིས་སྦྱོང་ཚན་ནི་སློབ་གྲྭའི་ཞིབ་བཤེར་ལ་ཁ་གཏད་གཅོག་བྱེད་དང་ཁྲལ་འཇལ་བའི་ལས་ཀ་ཞིག་ཏུ་བརྩི་གི་ཡོད། དོན་དངོས་སུ་དེ་ལྟར་མ་ཡིན་པར་སྦྱོང་ཚན་ནི་སློབ་མ་རང་ངོས་ཀྱིས་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་དང་ཤེས་བྱ་རིགས་དབྱེ་འབྱེད་པའི་ཐབས་ཤེས་ཡག་ཤོས་རེད། དེས་ན། ལོ་མང་གི་སློབ་ཁྲིད་མྱོང་བ་དང་། སློབ་གྲྭའི་སློབ་དཔྱོད་བགྲོ་གླེང་། དེ་བཞིན་བསླབ་ཚན་གསར་བསྒྱུར་གྱི་ཚད་གཞི་དང་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ཕྱོགས་སོགས་ཀྱི་ཁྲིད་སྟོན་ལས་སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་ཀྱི་བསམ་ཚུལ་བཤད་པར་བྱ་བ་ལ། འཛིན་གྲྭ་གཅིག་གི་སློབ་མ་ཚང་མའི་ཤེས་ཚད་དང་རྨང་གཞི་སོགས་གང་སྤྱིའི་ཐད་ལ་ཁྱད་པར་ཡོད་པ་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་ནའང་སློབ་མ་ཡོངས་ལ་འཚམ་པའི་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་ནི་ང་ཚོ་དགེ་རྒན་ཚང་མས་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། སློབ་མ་ཡོངས་ལ་འཚམ་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་ཐབས་ཐད་ང་ཚོར་སྦྱོང་ཚན་ཁག་གསུམ་དུ་ཕྱེ་བའི་རིག་ལམ་དེ་འདྲ་ཞིག་བཟོས་ཡོད་དེ། དེའང་སྡེ་ཚན་སྤྱིའི་རྨང་གཞིའི་སྒྲིག་གཞི་དང་། བསླབ་ཚན་ནང་གི་ཤེས་དགོས་ངེས་ཀྱི་རྨང་གཞིའི་ཤེས་བྱ། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་དྲི་གཞི་བཅས་ཕྱོགས་གསུམ་ནས་སྦྱོང་ཚན་བཀོད་སྒྲིག་བྱེད་པའི་ལམ་སྲོལ་ཞིག་བཟོས་ཡོད། དེ་མིན་སྦྱོང་ཚན་ཚང་མའི་རྗེས་སུ་ཤེས་བྱ་རྒྱ་བསྐྱེད་ཀྱི་འདྲི་གཞི་བཀོད་སྒྲིག་བྱུང་ན་ནུས་པ་ཆེ་བ་དང་། སློབ་མའི་སེམས་ཁམས་དང་མཐུན་པ། དུས་ཐོག་ཏུ་ཁྲིད་ཟིན་པའི་ཤེས་བྱར་ཕྱོགས་སྡོམ་སོགས་ནུས་པ་མི་དམན་པ་ཐོན་གྱི་ཡོད། ལྷག་དོན་དུ་སློབ་མས་སྦྱང་ཚན་ལ་འཛིན་པའི་ལྟ་ཚུལ་དང་སྦྱོང་ཚན་འབྲི་བའི་དགའ་ཞེན་སོགས་ལའང་ལེགས་བཅོས་ཐུབ་པ་སོགས་དོན་དངོས་ལས་ར་སྤྲོད་བྱུང་ཡོད།
དྲུག་པ། ཁྱིམ་ཚང་དང་སློབ་གྲྭ་ཟུང་འབྲེལ་གྱི་སློབ་གསོ་གཉེར་དགོས།
དེ་ཡང་སློབ་མ་ཞིག་ཕྱོགས་ཡོངས་ནས་གཞི་རྩའི་བྱང་ཚད་དང་མཐུན་པ་ཞིག་ཡོང་དགོས་ན་སློབ་གྲྭའི་དགེ་རྒན་གྱི་སློབ་གསོ་ཁོ་ནས་མི་འདང་བར་སྤྱི་ཚོགས་ཀྱི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སློབ་གྲྭའི་སློབ་གསོ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་སྣོན་རྒྱགདགོས། ལྷག་དོན་དུ། ཁྱིམ་ཚང་དང་སློབ་གྲྭ་ཟུང་འབྲེལ་བྱ་རྒྱུ་ནི་མི་འདང་བའི་ཆ་ཕན་ཚུན་ཁ་གསབ་བྱེད་ཐུབ། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ལས་ཤེས་རྟོགས་ཐུབ་པར། སློབ་མ་ཁག་གཅིག་ལ་ཁྱིམ་ཚང་གི་སློབ་གསོ་མི་འདང་བ་དང་སློབ་མ་ཁག་གཅིག་གིས་སློབ་གྲྭའི་སློབ་གསོ་ཉན་མི་འདོད་པ་སོགས་སྣང་ཚུལ་སྣ་ཚོགས་ཡོང་སྲིད་པས། དེ་ལ་དེ་བསྟུན་གྱི་ཟུང་འབྲེལ་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་གཏན་འཁེལ་གྱི་ལོ་རིམ་ནང་དགོས་ངེས་ཀྱི་སློབ་གསོ་ཐོབ་ཐུབ་པར་བྱེད་དགོས།
མདོར་ན། སློབ་ཁྲིད་ཡག་པོ་ཡོང་བར་འཕྱར་བ་གྲུ་འདེགས་སམ་ཀུན་ཕན་ཀུན་རོགས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་བཟང་པོ་ཞིག་གསོ་སྐྱོང་བྱ་བའི་འོས་འགན་གྱི་རྩ་དོན་དེ་གཞིར་བཟུང་ནས་སློབ་མའི་ཕྱོགས་ཡོངས་ཀྱི་གཞི་རྩའི་བྱང་ཚད་ཚད་ལྡན་ཡོང་ཆེད། ཐུན་མོང་ཐོག་འགན་འཁྲི་འཁུར་ཐུབ་པའི་མི་སྣ་ཞིག་བྱེད་དགོས་ལ་འགན་འཁྲི་དང་ལྡན་པའི་མི་སྣ་གསོ་སྐྱོང་གི་ལས་ལ་དེ་བས་འབད་དགོས་པ་ལགས།
(གཞིས་རྩེ་མཐོ་འབྲིང་གཉིས་པའི་པ་སངས་ཚེ་བརྟན)
འབྲེལ་ཡོད་གསར་འགྱུར།