དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལེ་དབར་སྟོང་ནས“འོད་སྣང་སྦྱིན་པའི”སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    འདི་ནི་འཕེལ་རྒྱས་ཀྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་མིག་ལ་བརྟག་དཔྱད་བྱེད་བཞིན་པ།

    དགུན་ཟླ་ར་བར་བོད་བྱང་ཐང་དུ་ཞོགས་པའི་སྐྱ་མདའ་བཏང་བའི་སྐབས། ནག་ཆུ་གྲོང་ཁྱེར་སོག་རྫོང་ཁྲི་རྡོ་ཤང་ལྡག་ནང་གྲོང་ཚོ་ཨུ་ལྷན་དུ་སྒོ་རྡུང་བའི་སྒྲ་ཞིག་གྲགས།

    སྒོ་རྡུང་མཁན་ནི་ཁ་ཆད་བཞིན་འོང་བའི་ཡུལ་མི་དར་ཆོས་ཡིན་པ་དང་། ཁོང་གི་ངོ་གདོང་འཁྱགས་ནས་དམར་པོར་གྱུར་པ་ལས་འཚབ་འཚུབ་ཀྱི་རྣམ་པ་ཞིག་བསྟན། དེ་རིང་འཆར་གཞི་བཞིན་གྲོང་སྡོད་ལས་དོན་རུ་ཁག་གིས་དར་ཆོས་ལ་ཁོང་གི་བུ་འཕེལ་རྒྱས(འགྱུར་མིང)ཀྱི་མིག་གི་ནད་གཞིའི་རྗེས་མཐུད་སྨན་བཅོས་ཇུས་གཞིའི་སྐོར་ལ་གྲོས་བསྡུར་བྱེད་པར་འོང་བ་ཞིག་རེད།

    ཧྲུའུ་ཅི་དང་པོ་དབྱངས་ཅན་ལྷ་མོས་ཇ་བསྲུབས་མ་ཚ་པོ་ཞིག་དར་ཆོས་ལ་བླུགས་པ་དང་། དེ་རྗེས་ཁ་ཕྱིར་བསྐོར་ནས་ལས་ཀའི་ཉིན་དེབ་བླངས་ཤིང་། དེའི་ནང“ཟླ་རེར་འཕེལ་རྒྱས་ཀྱི་མིག་གི་ནད་གཞིའི་གནས་ཚུལ་ལ་རྗེས་སྙེག་བྱས་ནས་པེ་ཅིང་ཐུང་རེན་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་དུས་ཐོག་ཏུ་ནད་གཞིའི་འཕེལ་ཚུལ་ཇུས་གཞི་གཏན་འཁེལ་བྱ་རྒྱུ་ཡིན”ཞེས་པའི་ཐོ་གསལ་པོ་བཀོད་ཡོད།

    འཕྲད་མ་ཐག་འཚམས་འདྲི་ཡང་བྱེད་ཁོམ་མེད་པར་ཚང་མ་མཉམ་དུ་བསྡད་དེ་འཕེལ་རྒྱས་ཡང་བསྐྱར་པེ་ཅིང་ལ་སྨན་བཅོས་བྱེད་པར་འགྲོ་བའི་ཞིབ་ཕྲའི་གནས་ཚུལ་ལ་གྲོས་བསྡུར་བྱས།

    འཕེལ་རྒྱས་ལ་སྨན་བཅོས་བྱེད་པའི་གཏམ་རྒྱུད་དེ་འདི་ལོའི“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ་བྱེད་པ”ནས་འགོ་ཚུགས་ཡོད། དེ་དུས་དབྱངས་ཅན་ལྷ་མོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དུད་ཚང་རེ་རེ་བཞིན་ལ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། ཁྱིམ་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པར་བསྐྱོད་ཅིང་། ཡུལ་མི་དར་ཆོས་ཁྱིམ་གྱི་ལོ་5ལ་སླེབས་པའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཁོང་ཚོ་སེམས་ཁྲལ་ཆེན་པོ་ལངས་པ་སྟེ། གཞན་གྱི་ཕྲུ་གུ་འབྲི་གཡག་དེད་ནས་འགྲོ་ཐུབ་ཀྱང་། འཕེལ་རྒྱས་ནི་སྦྲ་གུར་མདུན་དུ་གཅིག་པུར་སྡོད་པ་དང་། གཞན་གྱི་ཕྲུ་གུ་མགོ་བོ་བཀྱགས་ནས་ནམ་མཁར་ལྟ་ཐུབ་ནའང་། འཕེལ་རྒྱས་ནི་མིག་ཟིམ་ཟིམ་བྱས་ན་མ་གཏོགས་ཉི་མར་ལྟ་ཐུབ་ཀྱི་མེད་པ་རེད།

    “ཨ་ཅག ཕྲུ་གུའི་མིག་ལ་སྐྱོན་ཡོད་དམ”ཞེས་ཐེངས་ཤིག་དར་ཆོས་ཁྱིམ་ལ་འཚམས་འདྲི་བྱེད་སྐབས། དབྱངས་ཅན་ལྷ་མོས་མར་བསྡད་དེ་འཕེལ་རྒྱས་ཀྱི་མིག་ལ་བརྟག་དཔྱད་ཞིབ་ཚགས་བྱས་རྗེས་དར་ཆོས་ལ་དེ་ལྟར་བཤད། ཁོང་གིས“འཕེལ་རྒྱས་གོམ་པ་སྤོ་ཤེས་ཙམ་ནས་ཉི་འོད་མི་འཁྱོག་པ་ཤེས་ཚོར་བྱུང་། ལོ་གསུམ་རིང་སྨན་ཁང་ཆེ་ཆུང་མང་པོར་ཁྲིད་ཀྱང་ནད་རྐྱེན་འདི་ཡིན་ཞེས་པ་རྩད་ཆོད་མ་སོང”ཞེས་བཤད། ཕྲུ་གུའི་ཨ་མ་ཡིན་པའི་དར་ཆོས་ལ་ལོ་འདི་དག་རིང་ཕྲུ་གུའི་མིག་ལ་སྨན་བཅོས་བྱེད་པའི་ཆེད་དུ་སེམས་ནད་ཆེན་པོ་བྱུང་ཡོད།

    དམངས་འཚོའི་གནད་དོན་བྱ་བ་ཆུང་ཙག་མིན། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན་ཞེས་པ་ལྟར། དབྱངས་ཅན་ལྷ་མོས་དེ་འཕྲལ་ལས་ཀའི་ཉིན་དེབ་ནང་། འཕེལ་རྒྱས་ཀྱི་མིག་ཤེད་ལ་ད་དུང་མུ་མཐུད་བརྟག་དཔྱད་བྱེད་དགོས་སྟབས། གྲོང་ཚོར་བཅའ་སྡོད་རྫོང་གི་ལས་དོན་རུ་ཁག་གི་སྤྱིའི་རུ་སྣེ་འཁྲིད་མཁན་ལ་སྨན་བཅོས་རིགས་གཅིག་མཁས་ཅན་དང་མཐུན་སྦྱོར་ཡོང་བའི་འབྲེལ་བ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་མ་ཟད། དེའི་འགྲམ་དུ་མངོན་གསལ་དོད་པའི་རྟགས་ཤིག་ཀྱང་བརྒྱབ་ཡོད།

    “ཕྲུ་གུའི་མིག་བཅོས་རྒྱུའི་ཐད། ང་ཚོས་ཁྱེད་དང་མཉམ་དུ་གང་དྲག་ཅི་དྲག་བྱེད་ཀྱི་ཡིན” གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་སྡེ་ཚན་བརྒྱུད་པེ་ཅིང་ཐུང་རེན་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་སྨན་པ་ཀྲང་ཅིང་ཧྲང་དང་འབྲེལ་བ་བྱས་ཏེ་ཕྲུ་གུའི་གནས་ཚུལ་ངོ་སྤྲོད་བྱས།

    “ཕྲུ་གུའི་ན་ཚ་ནར་འགྱངས་བྱེད་མི་ཉན། སྔོན་ལ་ལྷ་སར་ཐོག་མའི་བརྟག་དཔྱད་བྱེད་པར་ཁྲིད་དགོས”ཞེས་ཀྲང་ཅིང་ཧྲང་གིས་ལན་བཏབ།

    ཟླ་8ཚེས་27ཉིན་གྱི་ཐོ་རེངས་སུ། དབྱངས་ཅན་ལྷ་མོས་འཕེལ་རྒྱས་ཁྲིད་དེ་ལྷ་སར་འགྲོ་བའི་རླངས་འཁོར་ལ་བསྡད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་པས་བརྟག་དཔྱད་ཞིབ་ཚགས་བྱས་མཐར“མིག་གི་དབང་རྩའི་ནད་བབ་ལ་འགྱུར་ལྡོག་བྱུང་ནས་ཚབས་ལྕི་ཤོས་ལ་མིག་ཤུགས་འཐོར་བ་དང་སྦྲགས་རྦད་དེ་ཚོན་མདོག་དབྱེ་འབྱེད་མི་ཐུབ་པ་དང་མིག་ཤུགས་ཉམས་པའི་དོགས་གཞི་ཡོད་པས། པེ་ཅིང་ཐུང་རེན་སྨན་ཁང་ལ་གཞི་རྒྱུའི་བརྟག་དཔྱད་བྱེད་པར་མགྱོགས་མྱུར་བསྐྱོད་དེ། ནད་གཞིའི་འགྱུར་ལྡོག་འབྱུང་ས་གཏན་འཁེལ་ཐུབ་ཚེ་གཞི་ནས་དམིགས་ས་ཡོད་པའི་སྒོ་ནས་སྨན་བཅོས་བྱེད་ཐུབ་པའི”ཆོད་སྡོམ་བཞག

    དཀའ་ངལ་གསར་པ་ཞིག་འཕྲད་པ་ནི། “འཕེལ་རྒྱས་ཀྱིས་རྒྱ་སྐད་ཡག་པོ་ཤོད་མི་ཤེས་པའི་ཁར་པེ་ཅིང་ལ་རྒྱུས་མངའ་མེད་པ་དང་ཕར་འགྲོ་ཚུར་འོང་གི་ལམ་གྲོན་ཡང་མི་ཉུང་བ་ཞིག་དགོས་པ་དེ་རེད།

    “དེ་འདྲ་ཡིན་ན་སྨན་བཅོས་བྱ་རྒྱུ་གཡུག་བཞག་ན”ཞེས་དར་ཆོས་ཀྱིས་མིག་ལ་ཆུ་ཞགས་འཁོར་བཞིན་བཤད།

    “ང་ཚོ་ཡོད་པས་སྨན་བཅོས་བྱ་རྒྱུ་བློས་གཏོང་གཏན་ནས་བྱེད་མི་ཉན”ཞེས་དབྱངས་ཅན་ལྷ་མོས་ཐག་ཆོད་པོས་བཤད།

    ལྡག་ནང་གྲོང་ཚོར་ལོག་རྗེས། འཕེལ་རྒྱས་ཀྱི་མིག་གི་ནད་གཞིར་དམིགས་ནས་རོགས་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད།

    “ངས་དང་བླངས་པ་བྱས་ནས་ཁོང་ཚོ་པེ་ཅིང་ལ་ཁྲིད་ཆོག” གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ལི་ཅིན་པོ་ཡིས་གྲོང་ཚོའི་སྐད་འཕྲིན་ཚོགས་པར་དང་བླངས་པ་བསྡུ་བའི་བརྡ་ཐོ་བཏང་འཕྲལ་ཕ་ཡུལ་ལ་ལོག་པའི་སློབ་ཆེན་སློབ་མ་མིག་བཀྲས་འཕྲལ་དུ་མིང་ཐོ་བཀོད། ཁོང་ནི་ཀྲེ་ཅང་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པ་དང་། རྒྱ་སྐད་བདེ་པོ་ཡོད་པས་སྨན་པ་དང་སྐད་བརྡ་ཡག་པོ་འཕྲོད་ཀྱི་རེད།

    “ལམ་གྲོན་ང་ཚོས་ཐག་གཅོད་བྱས་ཆོག”ཅེས་དབྱངས་ཅན་ལྷ་མོས་མཚན་མོ་དེ་རང་ལ་ནད་དེབ་དང་ནད་ངོའི་བརྟག་དཔྱད་ཡི་གེ་གྲ་སྒྲིག་བྱས་པ་མ་ཟད། པེ་ཅིང་ལ་ཕར་འགྲོ་ཚུར་འོང་གི་འབྲེལ་ཡོད་ལམ་གྲོན་མཐུན་སྦྱོར་ཐག་གཅོད་བྱས།

    ཟླ་9ཚེས་12ཉིན། དབྱངས་ཅན་ལྷ་མོར་ཁ་པར་ཞིག་འབྱོར་ནས“པེ་ཅིང་ཐུང་རེན་སྨན་ཁང་གི་རིགས་གཅིག་མཁས་ཅན་གཏན་འཁེལ་བྱུང་སོང་། སྒོ་བསྟེན་ཨང་ཀི་18པ་རེད”ཅེས་ལན་འབྱོར།

    རྡོག་ཐོན་ཉིན་མོར། ལྡག་ནང་གྲོང་ཚོའི་ཡུལ་མི་ཚོ་གྲོང་ཚོར་འཛོམས་ནས་སྐྱེལ་མ་བྱས་ཤིང་། མིག་བཀྲས་འཕེལ་རྒྱས་ཀྱིས་དགའ་ཤོས་བྱེད་པའི་རྩེད་ཆས་རླངས་འཁོར་ཆུང་ཆུང་དེ་ཁྱེར་ནས་སྒུར་ཙམ་བྱས་ཏེ་ཁོང་ལ“པེ་ཅིང་ལ་སླེབས་རྗེས་ཁྱོད་ཀྱིས་རེ་བའི་འོད་སྣང་མཐོང་ཐུབ”ཅེས་བརྗོད།

    ཟླ་9ཚེས་18ཉིན་གྱི་སྔ་དྲོར། པེ་ཅིང་ཐུང་རེན་སྨན་ཁང་མིག་ནད་ཚན་ཁག་གི་ནད་བརྟག་ཁང་དུ་སྨན་པས་གཞི་རྒྱུ་ཞིབ་དཔྱད་དབྱེ་ཞིབ་སྙན་ཞུ་ཞིག་བཟུང་ནས“ང་ཚོས་གཞི་རྒྱུ་དུམ་བུ་ཞིག་ལ་གཞན་འགྱུར་བྱུང་བ་བརྟག་དཔྱད་ཐུབ་སོང་། དེ་ནི་འཕེལ་རྒྱས་ཀྱི་མཐོང་ཚོར་དབང་རྩར་སྐྱོན་ཤོར་བའི་རྒྱུ་རྐྱེན་རེད་འདུག”ཅེས་བཤད། སྨན་པས་ངོ་སྤྲོད་བྱས་པ་ཐོས་རྗེས། འཕེལ་རྒྱས་ཀྱིས་མིག་བཀྲའི་གོས་ཀྱི་ཐུ་བ་དམ་པོར་བཟུང་ཞིང་། འགྲམ་གྱི་དར་ཆོས་ནི་དངངས་འཚབ་ཀྱིས་ཁེངས།

    འོན་ཀྱང་ཅུང་ཙམ་འགོར་རྗེས། ཚང་མའི་སེམས་པ་ཅུང་ལྷོད་དུ་བབས། ནད་གཞིར་གསལ་བཤད་ཞིབ་ཕྲ་བྱས་རྗེས། སྨན་པས་པེ་ཅིང་ཐུང་རེན་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་ཆེད་མངགས་མཐོང་དཀོན་པའི་ནད་འདི་རིགས་ལ་ཞིབ་འཇུག་བྱེད་པ་དང་། རྗེས་སུ་འཕེལ་རྒྱས་ལ་འཚམ་པའི་སྨན་བཅོས་ཇུས་གཞི་རིན་མེད་ངང་བཟོས་ཏེ་དུས་བཀག་ལྟར་མིག་ཤེད་འགྱུར་ལྡོག་ལ་ཉམས་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད།

    མིག་སྔར་གནས་ཚུལ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་སྟེ། འཕེལ་རྒྱས་ཀྱི་གཞི་རྒྱུའི་ཞིབ་དཔྱད་སྙན་ཞུ་པེ་ཅིང་ཐུང་རེན་སྨན་ཁང་གི་མཐོང་དཀོན་པའི་ནད་ཀྱི་གཞི་གྲངས་མཛོད་དུ་བཅུག་པ་དང་། རིགས་གཅིག་མཁས་ཅན་ཚོགས་པས་ནད་གཞིའི་གནས་ཚུལ་ལ་བརྡར་གཅོད་དང་བརྗོད་གཞིར་ཞིབ་འཇུག་སོགས་དུས་འགོའི་ལས་དོན་མགྱོཌ་མྱུར་སྤེལ་ནས་ཁོང་ལ་སྨན་བཅོས་འཆར་གཞི་བཟོ་བཞིན་ཡོད་པ་རེད།

    གངས་ལྗོངས་ས་མཐོ་ནས་རྒྱལ་ས་པེ་ཅིང་བར་ལམ་ཐག་སྤྱི་ལེ་3000ལྷག་ཙམ་གྱིས་ཆོད་ཀྱང་། མི་སྐོར་ཞིག་གིས“ཕྲུ་གུར་འོད་སྣང་སྦྱིན་པའི”ཆོད་སེམས་འགོག་མི་ཐུབ།

    “ནད་ངོ་གཏན་འཁེལ་བྱུང་བ་ནི་ལས་ཀའི་མཇུག་རྫོགས་པ་མིན་པར་རེ་བའི་འགོ་འཛུགས་པ་ཞིག་ཡིན”ཞེས་འཕེལ་རྒྱས་ཀྱི་རྗེས་མཐུད་སྨན་བཅོས་དོན་དག་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ལི་ཅིན་པོ་ཡིས་བཤད་པ་དང་། ཁོང་གིས“ང་ཚོས་གོམ་པ་གཅིག་མང་བ་རྒྱུག་ཚེ་ཕྲུ་གུར་འོད་སྣང་སྦྱིན་པའི་རེ་བ་གཅིག་མང་དུ་འགྲོ་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།